དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་མ་ཧྥུང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-20

    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི་ཟླ་3ཚེས་18ཉིན་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཐོག མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་མ་ཧྥུང་ཧྲེང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་ཡོངས་བསྒྲགས་བཅད་ཁྲ་ཁྱབ་བསྒྲགས་བྱས་ཏེ། ཞུ་སྦྱོར་ཕྱི་མ་མ་ཧྥུང་ཧྲེང་ལ་ལྐོག་རྔན་བླངས་པའི་ཉེས་པ་ཡོད་པར་བརྟེན་དུས་བཀག་བཙོན་འཇུག་ལོ་བཅུ་བཞི་བྱ་རྒྱུ་དང་ཆབས་ཅིག་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་བཞི་བརྒྱ་བཅད་པ་རེད། བདའ་འདེད་བཏང་བའི་གྱོད་གཞིའི་ནང་ཚུད་པའི་མ་ཧྥུང་ཧྲེང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་རྒྱུ་དངོས་ཁྲིམས་ལྟར་རྒྱལ་མཛོད་ལ་འབུལ་རྒྱུ་དང་མ་འདང་བའི་ཆ་མུ་མཐུད་བདའ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཞིབ་གཅོད་བྱས་ནས་ཤེས་རྟོགས་བྱུང་གསལ། 2001ལོ་ནས་2023ལོའི་བར་ཞུ་སྦྱོར་ཕྱི་མ་མ་ཧྥུང་ཧྲེང་གིས་མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་སྲིད་འཛིན་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་འཁུར་རིང་གོ་གནས་ཀྱི་སྟབས་བདེ་དང་། དེ་བཞིན་འགན་དབང་དང་གནས་བབ་ཀྱི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་དབུལ་སྐྱོར་མ་དངུལ་གཏོང་སྤྲོད་དང་ལས་གྲྭ་འགན་ལེན་སོགས་ཀྱི་ཐད་མི་གཞན་ལ་རོགས་རམ་བྱས་ཏེ་ཁྲིམས་འགལ་ངང་བླངས་པའི་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་4056ལྷག་ཙམ་ཟིན་ཡོད།

    ལན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཞུ་སྦྱོར་ཕྱི་མ་མ་ཧྥུང་ཧྲེང་གི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ནག་ཉེས་ཡིན་པ་དང་ལྐོག་རྔན་བླངས་པའི་དངུལ་གྲངས་ཧ་ཅང་འབོར་ཆེན་ཡིན་པ་རེད། གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་དབུལ་སྐྱོར་མ་དངུལ་གཏོང་སྤྲོད་དང་དབུལ་སྐྱོར་གྱི་འབྲེལ་ཡོད་ལས་གྲྭ་འགན་ལེན་སོགས་ཀྱི་ཐད་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱས་པས་ཁྲིམས་ལྟར་ཆད་པ་གཅོད་དགོས། དེའི་ལྐོག་རྔན་བླངས་པའི་ཉེས་པའི་ཁྲོད་ཉེས་པ་མ་གྲུབ་པའི་གནས་ཚུལ་ཡོད་པ་དང་། གྱོད་དོན་འབྱོར་རྗེས་ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ། གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱིས་ཤེས་རྟོགས་མ་ཐུབ་པའི་ལྐོག་རྔན་བླངས་པའི་དོན་དངོས་མང་ཆེ་བ་རང་འགུལ་ངང་རྩིས་སྤྲད་པ། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། ལྐོག་རྔན་བླངས་པའི་རྒྱུ་དངོས་ཕྱིར་སློག་ཧུར་ཐག་བྱས་པ། གྱོད་དོན་དང་འབྲེལ་བ་ཡོད་པའི་ལྐོག་རྔན་བླངས་པའི་རྒྱུ་དངོས་མང་ཆེ་བ་བདའ་འདེད་ཐུབ་པ་བཅས་ལ་གཞིགས་ནས་ཁྲིམས་རས་གོང་གསལ་གྱི་ཁྲིམས་ཐག་བཅད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་11ཚེས་27ཉིན་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ཏེ་གྱོད་གཞི་དེར་ཞིབ་གཅོད་བྱས་པ་རེད། ཁྲིམས་རར་ཞིབ་གཅོད་བྱེད་རིང་། ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་ཀྱི་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་མ་ཧྥུང་ཧྲེང་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་ནས། ཁྲིམས་རའི་གཙོ་སྐྱོང་འོག་གཏུག་རྩོད་ཕྱོགས་གཉིས་པོས་བསམ་འཆར་གང་ལེགས་བཏོན་ཞིང་། མ་ཧྥུང་ཧྲེང་གིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་ནག་ཉེས་ངོས་ལེན་དང་ནག་ཉེས་འགྱོད་བཤགས་བྱས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་རིགས་ཁག་གི་མང་ཚོགས་40ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ལ་ཟུར་ཉན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།