གྲོ་མོ་རྫོང་གིས“གཡོས་སྦྱོར་གྱིས་མཐའ་མཚམས་ལ་དྲོ་སྐྱིད་སྦྱིན་པའི”རྣམ་གྲངས་ལག་ལེན་གཏིང་ཟབ་བསྟར་བ།
མཐའ་མཚམས་མང་ཚོགས་ཀྱིས་གཡོས་སྦྱོར་ལག་རྩལ་ཡག་པོ་སྦྱངས་ནས་འཚོ་བ་གསར་པར་དྲོ་སྐྱིད་བསྣན་པ།
ད་ཆ་གྲོ་མོ་རྫོང་ནས་ཡིན་པའི་བདེ་པ་སྐད་གྲགས་ཆོད་པའི་མ་བྱན་དུ་གྱུར་ཡོད་པ་སྟེ། ཁོང་ལ་རྫོང་ཡོངས་ཀྱི“མ་བྱན་རྩེ་གྲའི”གཡོས་སྦྱོར་ལག་རྩལ་འགྲན་བསྡུར་ཆེ་མོར་བྱ་དགའ་ཨང་གཉིས་པ་ཐོབ་པ་མ་ཟད། མ་བྱན་གྱི་ལག་ཁྱེར་ཡང་རག་ནས“སྤུན་ཟླ་མཉམ་འཛོམས་ཇ་ཁང”ཞེས་པའི་ཇ་ཁང་ཆུང་ཆུང་ཞིག་ཀྱང་བཙུགས་ཡོད་པ་དང་། ཇ་ཁང་གི་ཡོང་འབབ་ཀྱིས་ཁྱིམ་གྱི་རྒྱུན་གཏན་འགྲོ་སོང་འདང་ངེས་ཡོད་པ་རེད།
2023ལོའི་ཟླ་8པར་གྲོ་མོ་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་པ་དང་གྲོ་མོ་རྫོང་གི“གཡོས་སྦྱོར་གྱིས་མཐའ་མཚམས་ལ་དྲོ་སྐྱིད་སྦྱིན་པའི”དང་བླངས་ཞབས་ཞུའི་རྣམ་གྲངས་ཀྱི་གྲོས་འགོ་འདོན་མཁན་ཚེ་གཡང་དང་ལས་རོགས་ཚོ་ལས་བྲེལ་གྱིས་རྐྱེན་པས་ཉིན་དགུང་བར་ལྟོ་ཡང་ཟ་ཁོམ་བྱུང་མེད། བདེ་པས་ཁོང་ཚོ་མཐོང་ནས་རང་ཁྱིམ་དུ་ཁྲིད་དེ་ཕག་ཀྲིན་བརྒྱབ་པའི་སྟབས་བདེའི་ཐུག་པས་ཁོང་ཚོར་སྣེ་ལེན་ཞུས། བདེ་པའི་སྤོབས་པས་ཕྱུག་པའི་ཉམས་འགྱུར་དང་ཁོང་གི་རྒྱབ་ངོས་སུ་ཡོད་པའི་འགྱིག་ཤོག་སྲབ་མོ་གཡོགས་པའི་ཝེ་པོ་ཚ་ཐབ་གསར་རྐྱང་དེ་མཐོང་སྐབས་ཚེ་གཡང་དང་ལས་རོགས་ཚོར་སེམས་འགུལ་ཆེན་པོ་ཐེབས།
སྐབས་དེར་ཚེ་གཡང་དང་ཁོང་གི་ལས་རོགས་ལ་ཚོར་སྣང་ཟབ་མོ་ཞིག་བྱུང་བ་ནི་ཡུལ་མི་ཚོ་སྡོད་ཁང་གསར་པར་དངོས་སུ་གཞིས་ཆགས་པར་བྱེད་དགོས་ན་ངེས་པར་དུ་ཐབ་ཚང་ནས་འགོ་བཙུགས་ཏེ་ཁོ་ཚོ་རང་ཉིད་ལ་དབང་བའི་འཚོ་བ་གསར་པ་སྐྱེལ་ཐུབ་པར་བྱེད་དགོས་པ་དེ་རེད། གོ་སྐབས་དེར་བརྟེན་ནས་གྲོ་མོ་རྫོང་གི“གཡོས་སྦྱོར་གྱིས་མཐའ་མཚམས་ལ་དྲོ་སྐྱིད་སྦྱིན་པའི”དང་བླངས་ཞབས་ཞུའི་རྣམ་གྲངས་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
རྣམ་གྲངས་ལ་སྐུལ་འདེད་གཏོང་རིང་ཚེ་གཡང་དང་ཚོགས་པས་རང་ཡུལ་གྱི་ཐོན་ཁུངས་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱི་ཕྱོགས་ཀྱི་མ་བྱན་གདན་དྲངས་མི་དགོས་པར་ཡུལ་དེ་གའི་ཁ་ལག་ཡག་པོ་བཟོ་ཤེས་མཁན་མང་ཚོགས་8བདམས་ནས་གཡོས་སྦྱོར་དགེ་རྒན་གྱི་འགན་འཁུར་དུ་བཅུག་པ་རེད། “ཁོང་ཚོས་ཡུལ་འདི་གའི་མང་ཚོགས་ཟ་མ་གང་ལ་དགའ་པོ་ཡོད་པ་ཤེས་ཀྱི་ཡོད་ལ་སློབ་གཉེར་བ་ཚོ་དང་འབྲེལ་འདྲིས་ཆེན་པོའང་བྱུང་ཡོད” ཚེ་གཡང་གིས་གསོ་སྦྱོང་ཐད“རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་བཟའ་བཅའི་བདེ་འཇགས་ཤེས་བྱ་དང་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་མཉམ་དུ་བྱས་ནས་སློབ་གཉེར་བ་ཚང་མས“གོ་ཐུབ་པ་དང་། མཐོང་ཐུབ་པ། ཤེས་མགྱོགས་པ”བཅས་ཀྱི་འགན་ལེན་བྱས་ཡོད་ཅེས་བཤད།
མིག་སྔའི་བར“གཡོས་སྦྱོར་གྱིས་མཐའ་མཚམས་ལ་དྲོ་སྐྱིད་སྦྱིན་པའི”རྣམ་གྲངས་ཀྱིས་གསོ་སྦྱོང་ཐེངས་9བྱས་པར་དུད་ཚང་519ཡི་མི་525ལ་ཁྱབ་ནས་ཁྱབ་ཚད་71.5%ཟིན་ཡོད། གསོ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚང་མས་རང་རྐྱ་འཕེར་བའི་ངང་ཚལ་སྣ་ཁ་8ནས་10བར་བཟོ་ཐུབ་ཀྱི་ཡོད་པས། ཁྱིམ་ཚང་གི་ལྟོ་ཆས་གྲུབ་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། སློབ་གཉེར་བ་78%ཀྱིས་གསོ་སྦྱོང་བརྒྱུད་ལས་ཀ་འཚོལ་བར་ཕན་པ་ཐོབ་བྱུང་ཞེས་བརྗོད་པ་མ་ཟད། བདེ་པ་དང་འདྲ་བའི་མང་ཚོགས་ཚོ་ལས་གཏོད་ལམ་ལྷོངས་བྱུང་ནས་ཡོང་འབབ་མང་དུ་ཕྱིན་ཡོད། དེ་བས་ཀྱང་གལ་ཆེ་བ་ཞིག་ནི་སློབ་གཉེར་བ་85%ཡིས་ནང་མི་མཉམ་འཛོམས་དང་ཁྱིམ་མཚེས་དབར་གྱི་འགྲོ་འོང་དེ་བས་མང་དུ་ཕྱིན་ནས་དེ་སྔ་ཕན་ཚུན་དབར་ཆ་རྒྱུས་དེ་ཙམ་མེད་པའི་བཀོད་སྒྲིག་བྱ་ཡུལ་དེ་ད་ཆ་དྲོ་སྐྱིད་དང་འཆམ་མཐུན་གྱི་ཁྱིམ་ཚང་ཆེན་པོར་འགྱུར་བཞིན་ཡོད་ཅེས་བརྗོད་པ་དེ་རེད།
སྟབས་བདེའི་ཐུག་པ་ཕོར་པ་གང་ནས་འགོ་ཚུགས་པའི་དམངས་འཚོའི་དྲོ་སྐྱིད་དེ་ཕྱོགས་གཅིག་ནས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་དམ་པོར་འབྲེལ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་མཐའ་མཚམས་ཀྱི་ཞི་མཐུན་བརྟན་ལྷིང་དང་འབྲེལ་ཡོད། “གཡོས་སྦྱོར་གྱིས་མཐའ་མཚམས་ལ་དྲོ་སྐྱིད་སྦྱིན་པའི”རྣམ་གྲངས་ལས་མཐའ་མཚམས་མང་ཚོགས་ཀྱིས་འཚོ་བ་གསར་པར་བཅངས་པའི་ཡིད་ཆེས་འཕེལ་བ་མ་ཟད། ཁྱིམ་མཚེས་དབར་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་གཅིག་མཐུན་ཚོགས་པ་གྲུབ་པ་དང་། མཐའ་མཚམས་བརྟན་པོ་དང་རྒྱལ་ཁབ་ཀྱི་ས་ཆ་བདེ་འཇགས་ཡོང་བའི་རྨང་རྡོ་བརྟན་དུ་ཕྱིན་ཡོད། མཐའ་མཚམས་ས་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་མང་པོ་ནས་ཁ་ལག་བཟོ་བའི་དུ་བ་ལང་ལོང་དུ་འཕྱུར་བ་དང་བདེ་སྐྱིད་འཚོ་བའི་བྲོ་ཞིམ་དེ་གྲོ་མོའི་གང་སར་ཁྱབ་པ་དེ་ནི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས་པའི”གསོན་ཉམས་དོད་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་ལག་ལེན་དེ་རེད།
འབྲེལ་ཡོད་གསར་འགྱུར།