མུ་མཐུད་ལོ་30རིང་དུ་བཏང་བ། རང་རྒྱལ་གྱིས་གྲོང་གསེབ་ཀྱི་འགན་གཙང་ས་ཞིང་གི་རེས་སྐོར་གཉིས་པའི་དུས་བཀག་འཐིམ་རྗེས་འགན་གཙང་ལེན་པའི་དུས་ཡུན་རིང་དུ་གཏོང་བའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟ་ཕྱོགས་ཡོངས་ནས་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་18ཉིན། 《རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་བཀག་འཐིམ་རྗེས་མུ་མཐུད་ལོ་30རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་བསམ་འཆར》ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱས་ནས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་དུས་བཀག་འཐིམ་རྗེས་མུ་མཐུད་ལོ་30རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན(གཤམ་དུ་འགན་གཙང་དུས་ཡུན་རིང་དུ་གཏོང་བའི་ཚོད་ལྟ་ཞེས་བསྡུ་རྒྱུ)ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
འགན་གཙང་དུས་ཡུན་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་བརྟན་པོའི་ངང་ཡག་པོ་སྒྲུབ་ཆེད། 2020ལོ་ནས་བཟུང་། ཞིང་ལས་དང་གྲོང་གསེབ་པུའུ་དང་ཀྲུང་དབྱང་གྲོང་གསེབ་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཞིང་ཆེན་ཁག་གིས་གྲོང་ཚོ་དང་ཚོགས་ཆུང་ནས་ཚོད་ལྟའི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་བར་མཛུབ་ཁྲིད་བྱས་ཡོད། ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། འདི་ལོ་རང་རྒྱལ་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)29རུ་ཞིང་ཆེན་ཧྲིལ་པོའི་ཚོད་ལྟ་ཕྱོགས་ཡོངས་ནས་བྱ་རྒྱུ་རེད།
བསམ་འཆར་གྱི་སྤྱི་ཡོངས་ཀྱི་བླང་བྱའི་ནང་ཞིང་པ་དང་ས་ཞིང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་གཙོ་རྐང་དེར་དམ་འཛིན་ནན་པོ་བྱེད་པ་དང་ཞིང་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། ལས་དོན་ཁྲོད“མཐའ་འཁྱོངས་བཞི”ཐུབ་པར་བྱེད་དགོས་པ་ཁ་གསལ་བཏོན་པའི་ནང་མཉམ་སྡེབ་ལ་དབང་བའི་ལམ་ལུགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་། ཞིང་དུད་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ཞིང་པའི་བྱེད་པོའི་གནས་བབ་མཐའ་འཁྱོངས། གྲོང་གསེབ་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་པ་ཚུད་ཡོད།
བསམ་འཆར་ནང་ནན་བཤད་བྱས་དོན། འགན་གཙང་དུས་ཡུན་རིང་དུ་གཏོང་བའི་ཚོད་ལྟའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་བའི་རྩ་དོན་དང“བརྟན་ལྷིང་ཆེན་པོ་དང་ལེགས་སྒྲིག་ཆུང་ངུ”མཐའ་འཁྱོངས་བྱེད་པར་ཐོག་མར་འགན་གཙང་དུས་ཡུན་རིང་དུ་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། གྲོང་གསེབ་ཀྱི་འགན་གཙང་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་གྲུབ་འབྲས་རྨང་གཞིར་བྱེད་པ་དང་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་གན་རྒྱའི་དུས་བཀག་འཐིམ་པ་འགོ་འཛུགས་སར་བྱས་ནས་འགན་གཙང་དུས་ཡུན་ལོ་30རིང་དུ་གཏོང་རྒྱུ་རེད། དུད་ཚང་རྩིས་གཞིར་བྱས་ནས་འགན་གཙང་དུས་ཡུན་རིང་དུ་བཏང་སྟེ། ཞིང་དུད་མང་ཆེ་བ་དེ་གོང་འགན་གཙང་བླངས་པའི་ས་ཞིང་མུ་མཐུད་དབང་བའི་འགན་ལེན་བྱེད་པ་ལས་བསྐྱར་བགོས་དང་གང་བྱུང་དུ་བགོ་བཤའ་རྒྱག་མི་རུང་བ་དང་། སྐབས་དང་བསྟུན་ནས་ཁྲིམས་འགལ་ངང་ཞིང་དུད་ཀྱི་འགན་གཙང་ས་ཞིང་ལེགས་སྒྲིག་གམ་ཡང་ན་ཕྱིར་བསྡུ་བྱེད་མི་རུང་། རང་བྱུང་གནོད་འཚེའི་རྐྱེན་གྱིས་འགན་གཙང་བླངས་པའི་ས་ཞིང་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་དམིགས་བསལ་གནས་ཚུལ་ཡོད་པ་མ་ཟད། མང་ཚོགས་ཀྱིས་ས་ཞིང་བརྗེ་རྒྱུའི་རེ་བ་ཡོངས་ཁྱབ་ཏུ་འདོན་པའི་གྲོང་ཚོ་དང་ཚོགས་ཆུང་ཉུང་ཤས་ལ“བརྟན་ལྷིང་ཆེན་པོ”ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཞིང་དུད་རེ་ཟུང་བར་ཁྱབ་ཁོངས་ཆུང་བའི་ལེགས་སྒྲིག་འོས་འཚམ་བྱེད་དགོས།
རེས་སྐོར་གཉིས་པའི་འགན་གཙང་བླངས་ཚུན། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མི་འབོར་དང་ས་ཞིང་སོགས་ལ་འགྱུར་ལྡོག་ངེས་ཅན་བྱུང་བ་དང་། ས་ཆ་ཁག་གཅིག་ལ་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་དང་འབྲེལ་བ་ཡོད་པའི་འགལ་བའི་གནད་དོན་ཚད་གཞི་མི་འདྲ་བའི་ངང་གནས་ཡོད། བསམ་འཆར་ནང་ས་ཞིང་མེད་པའི་ཞིང་དུད་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་ས་ཞིང་དཀོན་པའི་རྐྱེན་གྱིས་འཚོ་བར་དཀའ་ངལ་ཡོད་པའི་ཞིང་དུད་ཀྱི་ལུགས་མཐུན་རེ་ཞུ་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། དུས་འགོའི་ཚོད་ལྟའི་ཁྲོད་ས་གནས་ཁག་གི་བྱེད་སྟངས་དང་ཉམས་མྱོང་ལ་བསམ་འཆར་ནང་ཕྱོགས་སྡོམ་དང་སྙིང་བསྡུས་བྱས་ནས་འབྲེལ་ཡོད་གཏན་འབེབས་ལྟར་མཉམ་སྡེབ་ཀྱི་ཁེ་བཟང་བགོ་འགྲེམས་རྒྱག་པ་དང་། ལས་ཞུགས་ཞབས་ཞུ་སྒྲུབ་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་པ་སོགས་ས་ཞིང་ཕུད་པའི་བྱེད་ཐབས་ཐོག་ནས་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་པ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།