ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིག་དངོས་ཅུས་སུ་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་དང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་དང་། རིག་གཞུང་ཞིབ་འཇུག རིག་དངོས་བདེ་འཇགས་ལྟ་འདོམས་ལས་སྟེགས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ།

འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་ལས་བྱེད་ལས་བཟོར་གཟིགས་ནས་འཚམས་འདྲི་གནང་སྟེ་ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་འཁོར་སྐྱོད་དང་། གཙོ་གནད་ཁྱབ་ཁོངས་འགན་སྲུང་། ནོར་སྲིད་དོ་དམ་སྒྱུར་བཅོས་སོགས་ཀྱི་ལས་ཀའི་སྙན་སེང་གསན་བཞིན་པ།
● རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ“དོན་ཆེན་བཞི”དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།
ཟླ་3ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་གྲོང་ཁྱེར་འཛུགས་སྐྲུན་དང་། རིག་དངོས་སྲུང་སྐྱོབ། ནོར་སྲིད་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་སྟེ། ལྗོངས་ཡོངས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུཌ་པ་དང་ལག་ལེན་བསྟར་ཏེ། “དོན་ཆེན་བཞི”དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་གྲོལ་མ་ཐག་ཡིན་ཞིང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བཞིན་ཡོད། རང་ལྗོངས་ཀྱིས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཚུལ་ཇི་འདྲ་ཡིན་མིན་དང་། ནན་ཏན་དང་ཏན་ཏིག་སྤེལ་ཡོད་མེད། གཏིང་ཟབ་དང་དོན་འཁྱོལ་གནད་སྨིན་བྱུང་ཡོད་མེད་སོགས་ལ་མཁྱེན་རྟོགས་གནང་ཆེད་ཝང་ཅུན་ཀྲེང་གིས་འཐབ་ས་དང་པོར་ཟབ་སྐྱོད་དང་གཞི་རིམ་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།
གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ལྷ་སའི་བར་སྐོར་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་རིམ་སྤོར་ལས་གྲྭ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་གིས་གནའ་གྲོང་གི་ཁྲོམ་གཞུང་དང་སྲང་ལམ་དུ་རྐང་ཐང་མར་ཕེབས་ནས་གཟིགས་པ་དང་། སྔ་རྗེས་སུ་དགའ་གླིང་ཤག་གྲོང་མིའི་སྒོ་ར་ཆེན་པོ་དང་བཞི་སྡེ་དགོན་གྱི་སྒོ་ར་ཆེན་པོར་ཕེབས་ནས་ལོ་རྒྱུས་ཀྱི་སྐྲུན་དངོས་ཉམས་གསོ་སྲུང་སྐྱོབ་དང་། སྲོལ་རྒྱུན་གྱི་རྣམ་པ་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་ཀྱིས“སྔར་ཡོད་ཇི་བཞིན་ཉམས་གསོ་བྱེད་པའི”རྩ་དོན་ལ་བརྩི་སྲུང་ཞུས་ནས་ལོ་རྒྱུས་ཀྱི་དངོས་ཡོད་རང་བཞིན་དང་། རྣམ་པའི་ཆ་ཚང་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་སོར་འཇོག་གང་ཐུབ་བྱེད་པ། སྐུད་ལམ་ལེགས་སྒྲིག་དང་། མདོང་དྲ་སྒྱུར་བཀོད། འགྲོ་ལམ་ལེགས་གཏོང་སོགས་དམངས་འཚོའི་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་རིག་དངོས་ཅུས་སུ་ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་དང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་གནའ་དཔེ་དང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་བེད་སྤྱོད་དང་། རིག་གཞུང་ཞིབ་འཇུག རིག་དངོས་བདེ་འཇགས་ལྟ་འདོམས་ལས་སྟེགས་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ནན་ཏན་ངང་གསན་པ་དང་འབྲེལ་གནའ་རྫས་རྟོག་ཞིབ་ཀྱི་སྔོག་འདོན་གྲུབ་འབྲས་འགྲེམས་སྟོན་ལའང་གཟིགས་ཤིང་། ཁོང་གིས་རིག་དངོས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་བོད་འདི་ཉིད་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་མི་རིགས་ཁག་གིས་དུས་ཡུན་རིང་པོའི་ནང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རིག་དངོས་ཀྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ་རིག་དངོས་ཉམས་གསོ་དོ་དམ་དང་བདེ་འཇགས་ལྟ་འདོམས་སོགས་ཀྱི་ལས་སྟེགས་ཡག་པོ་བསྐྲུན་པ་དང་ཡག་པོ་སྤྱད་ནས་རིག་དངོས་སྲུང་སྐྱོབ་དང་། རིག་རྒྱུན་འཛིན་སྐྱོང་། རིག་གནས་དར་རྒྱས་བཅས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དུ་ཕེབས་ནས་ལས་བྱེད་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། ལྗོངས་ཡོངས་ཀྱི་ནོར་སྲིད་གཏོང་ཡོང་འཁོར་སྐྱོད་དང་། གཙོ་གནད་ཁྱབ་ཁོངས་འགན་ལེན། ནོར་སྲིད་དོ་དམ་སྒྱུར་བཅོས་སོགས་ཀྱི་ལས་ཀའི་སྙན་སེང་གསན་པ་དང་། ལྗོངས་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱིས་ཉེ་བའི་ལོ་ཤས་རིང་སྤྱི་ཡོངས་ལ་གཞི་ཚུགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གནང་ཞིང་། ཁོང་གིས་ནོར་སྲིད་མ་དངུལ་གྱི་བཀན་ཤིང་ནུས་པ་ཡག་པོ་འདོན་པ་དང་། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་གཏོང་ཡོང་དོ་དམ་ཡག་པོ་བྱེད་པ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། ཚད་ཡོད་ཀྱི་ནོར་ཤུགས་དེ་འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་དང་། དམངས་འཚོའི་གཙོ་གནད་དོན་དག གཞི་རིམ་གྱི་འཐབ་ས་དང་པོའི་འཕྲལ་མཁོ་བཅས་ལ་གཅིག་སྡུད་ཐོག་སྤྱད་ནས་དངུལ་ཚང་མ་དགོས་མཁོ་ཡོད་སར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་དང་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་གཞུང་དྲང་། འགན་འཁུར་ཕོད་པ་བཅས་ཀྱི་ནོར་སྲིད་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཚགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2025ལོའི་ཟླ་བ་བརྒྱད་པར་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་མཉམ་འདྲེས་གཏིང་ཟབ་བྱས་ནས། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཏན་ཏིག་སྤྱོད་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་སློབ་སྦྱོང་སྒྲོག་འགྲེལ་ལ་སྣེ་ཁྲིད་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱོད་པ། ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་བརྒྱུད་བསྒྲགས་ཏན་ཏིག་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་གོ་ཐུབ་པ་དང་། སེམས་ལ་ངེས་ཐུབ་པ། ཁོང་དུ་ཆུད་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ནན་ཏན་དང་ཏན་ཏིག་སྤེལ་དགོས་ཤིང་། ནན་ཞིང་ཏན་ཏིག་གི་ཚད་གཞི་མཐའ་འཁྱོངས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་འཛིན་དངོས་སྒྲུབ་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས། སློབ་སྦྱོང་དང་ཞིབ་བཤེར་དག་ཐེར་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། “མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ། རང་ཉིད་དང་ཟུང་འབྲེལ་དང་། འགན་འཁྲི་དང་ཟུང་འབྲེལ། ལས་ཀ་དང་ཟུང་འབྲེལ་བཅས་བྱེད་པ་དང་། ཐོག་མའི་བསམ་འདུན་མི་འགྱུར་བ་དང་རང་འགན་ནན་སྒྲུབ་བྱེད་པ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་དམངས་ལ་ཞབས་འདེགས་ཞུ་བ། ཐོག་མཐའ་བར་གསུམ་དུ་དམངས་ཆེད་སྲིད་དོན་ལས་རྗེས་ཐོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པར་བྱེད་པ། མིག་སྔའི་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་རྒྱུན་མཐུད་དམ་འཛིན་ནན་པོ་བཅས་བྱས་ནས། ལས་དོན་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བར་མངོན་གསལ་དོད་པའི་གྲུབ་འབྲས་ལ་མཐོང་ཆེན་བྱེད་དགོས་ལ་མི་མངོན་པའི་གྲུབ་འབྲས་ལའང་མཐོང་ཆེན་བྱེད་དགོས་པ་དང་། མིག་སྔར་གཞི་ཚུགས་དགོས་ལ་ཕུགས་ལ་ཡང་དམིགས་དགོས་ཤིང་། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱེད་པ་དང་། “གནད་དོན་གཅིག་རང་ཐག་གཅོད”བྱེད་པ་ནས“གནད་དོན་རིགས་གཅིག་ཐག་གཅོད”བྱེད་པའི་བར་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་དངོས་ཡོད་ཀྱི་གྲུབ་འབྲས་ཧུར་ཐག་གཏོད་རྒྱུར་ཁྲིད་སྟོན་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་བཀག་ནང་བརྟག་ཞིབ་ལས་དོན་སྤེལ་བ། དཔེ་མཚོན་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་བ་བཅས་བྱས་ནས། སློབ་གསོ་སློབ་སྦྱོང་རྣམ་པ་ཙམ་མིན་པར་ཕན་འབྲས་དངོས་ཐོབ་པའི་འགན་ལེན་བྱེད་དགོས། སྒོ་དབྱེའི་སློབ་གསོར་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་ཚད་དེ་སློབ་སྦྱོང་སློབ་གསོར་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞིར་བརྩིས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཏུ་སྔར་བས་འགྱུར་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།