ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་དམངས་དཔལ་འབྱོར་གྱི་འགོ་ཡག་པོ་ཞིག་བཙུགས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་གཉིས་པའི་བར་ཐོན་སྐྱེད་མཁོ་སྤྲོད་བྱེད་ཚད་མགྱོགས་སུ་ཕྱིན་པ་དང་། ཁྲོམ་རའི་དགོས་མཁོ་བརྟན་ཐོག་ཡར་འཕེལ་བྱུང་བ། ལས་ཞུགས་ཟོག་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ། དཔལ་འབྱོར་འཁོར་རྒྱུག་ནུས་ལྡན་བཅས་བྱུང་ནས་འགོ་ཡག་པོ་ཞིག་འཛུགས་ཐུབ་ཡོད།
བཟོ་ལས་ཐོན་སྐྱེད་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.3%འཕར་བ་དེ་ལོ་གོང་མའི་ཟླ་12པ་ལས་བརྒྱ་ཆའི་གྲངས་1.1གིས་མགྱོགས་སུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་5.2%འཕར་བ་དེ། ལོ་གོང་མའི་ཟླ་12པ་ལས་བརྒྱ་ཆའི་གྲངས་0.2ཀྱིས་མགྱོགས་སུ་ཕྱིན་ཡོད།
ཁྲོམ་རའི་བྲིན་ཚོང་འཕར་ཚད་སླར་གསོ་བྱུང་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ཆག་པ་ནས་འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། ཟླ་དང་པོ་ནས་གཉིས་པའི་བར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་86079ཟིན་ནས་དུས་མཚུངས་ལས་2.8%འཕར་བ་དེ་ལོ་གོང་མའི་ཟླ་12པ་ལས་བརྒྱ་ཆའི་གྲངས་1.9མགྱོགས་སུ་ཕྱིན་པ་དང་། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་52721ཟིན་ནས་དུས་མཚུངས་ལས་1.8%འཕར་བ་དེ་ལོ་གོང་མའི་ལོ་ཧྲིལ་པོ་ལས་3.8%ཆག་པ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་77321ཟིན་ནས་དུས་མཚུངས་ལས་18.3%འཕར་བ་དེ་ལོ་གོང་མའི་ཟླ་12པ་ལས་བརྒྱ་ཆའི་གྲངས་13.4མགྱོགས་སུ་ཕྱིན་ཡོད།
ལས་ཞུགས་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་ཆེ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་ཆ་སྙོམས་བྱས་ན་5.3%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་གཅིག་མཚུངས་ཡིན་པ་དང་། རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ལོ་གོང་མའི་དུས་མཚུངས་ལས་0.8%འཕར་ཞིང་། དེའི་ནང་ཟླ་དང་པོར་0.2%འཕར་བ་དང་ཟླ་གཉིས་པར་1.3%འཕར་ཡོད། ཟླ་དང་པོ་ནས་གཉིས་པའི་བར། རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་ཀྱི་བཟོ་གྲྭ་ནས་ཐོན་སྐྱེད་བྱས་པའི་རིན་གོང་ལོ་གོང་མའི་དུས་མཚུངས་ལས་1.2%ཆག་ཡོད།
འབྲེལ་ཡོད་གསར་འགྱུར།