ཀྲུང་གོ་དང་ཡོ་རོབ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་གནའ་བོའི་ཤེས་དཔལ་གྱི་བཀྲག་མདངས་མངོན།
རྨ་ཆུ་དང་མཚོ་ནག་ངོགས་གཉིས་ཀྱི་ཤེས་དཔལ་འདྲ་མཚུངས་ཀྱི་རྣམ་པ།
འགྲེམས་སྒྲོམ་ནང་ས་དམར་གྱི་འཚིག་རོ་དང་། གཡུ་རྩིའི་རྫ་ཆས་ཆག་རོ། རྡོ་ཆས་དཔེ་དབྱིབས་བཅས་བསྒྲིགས་ནས་འདུག་ལ། ཉེ་འགྲམ་གྱི་བརྙན་ཤེལ་ནས་སྟོན་བཞིན་པའི་གནའ་རྫས་རྟོག་ཞིབ་ཀྱི་བརྙན་པར་ལས་རྒྱལ་ཁབ་གཉིས་པོའི་མཁས་དབང་གིས་གནའ་ཤུལ་སྔོག་འདོན་བྱེད་པའི་བརྒྱུད་རིམ་ངོ་སྤྲོད་བྱེད་བཞིན་མཆིས། རོ་མ་ནི་ཡའི་ཡཱ་ཤིས་གྲོང་ཁྱེར་ཡཱ་ཤི་མོར་ཏུའོ་ཝ་རྒྱལ་བཙུགས་རྟེན་རྫས་བཤམས་མཛོད་ཁང་དུ་ཀྲུང་གོ་དང་རོ་མ་ནི་ཡའི་ཏུའོ་པུའུ་རོ་ཝ་ཚི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འགྲེམས་སྟོན་མི་རིང་བའི་གོང་མཇུག་འགྲིལ་བ་རེད། འགྲེམས་སྟོན་རིང་འགྲེམས་ཁང་ནང་མི་ཚོགས་ཆེ་ཞིང་། ཡུལ་དེ་གའི་དམངས་ཚོགས་མི་ཉུང་བ་ཞིག་ཆེད་མངགས་རོ་མ་ནི་ཡའི་ཁུའུ་ཁུའུ་ཐེ་ཉི་རིག་གནས་དང་། ཀྲུང་གོའི་དབྱང་ཧྲའོ་རིག་གནས། མཱ་ཅ་ཡའོ་རིག་གནས་བཅས་ཤེས་རྟོགས་བྱེད་པར་ཡོང་ནས་རྨ་ཆུ་དང་མཚོ་ནག་ངོགས་གཉིས་ཀྱི་ལོ་ངོ་སྟོང་གི་ཤེས་དཔལ་ལ་དཔང་པོ་བྱས། ཀྲུང་གོ་དང་རོ་མ་ནི་ཡ་ཕྱོགས་གཉིས་པོས་གནའ་རྫས་རྟོག་ཞིབ་འབྲེལ་ཐག་ཏུ་བྱས་ཏེ་ཡི་གེ་མ་བྱུང་གོང་གི་འདུས་སྡོད་དང་ཚོན་སྣའི་རྫ་ཆས་རིག་གནས་ཀྱི་མཉམ་འབྲེལ་ཞིབ་འཇུག་ཁྲོད་རིག་གཞུང་ཤེས་རྟོགས་བྱེད་ཚད་མུ་མཐུད་ཟབ་ཏུ་བཏང་བ་མ་ཟད། དེང་རབས་ཀྱི་ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ལ་གསོན་ཉམས་ལྡན་པའི་ལག་ལེན་གྱི་རྨང་གཞི་བཏིང་ཡོད།
“རོ་མ་ནི་ཡ་དང་ཀྲུང་གོའི་མཁས་དབང་ཚོས་འདྲ་མཉམ་སྤེལ་རེས་དང་ལག་གདང་སྦྲེལ་ནས་ཞིབ་འཇུག་བྱས་པའི་རྩ་ཆེའི་དཔང་རྟགས་ཤིག”
“མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ང་ཚོའི་མཉམ་ལས་ཧ་ཅང་ཡག་པོ་བྱུང་སོང”རོ་མ་ནི་ཡའི་ཚན་རིག་ཁང་ཡཱ་ཤིས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་མཐོ་རིམ་ཞིབ་འཇུག་པ་ཁོའོ་ནེ་ལི་ཡཱ་མཱ་ཀེ་ཏ·ལཱ་ཀྲ་ལུའོ་ཝུའེ་ཆིས་གསར་འགོད་པར“གྲུབ་འབྲས་འགྲེམས་སྟོན་གྱི་འགྲེམས་རྫས་ལས་ལོ་ངོ་5000གོང་གི་ཡི་གེ་མ་བྱུང་བའི་སྔོན་རོལ་འདུས་སྡོད་ཀྱི་འཚོ་བའི་རྣམ་པ་མངོན་ཡོད་ལ། ད་དུང་རོ་མ་ནི་ཡ་དང་ཀྲུང་གོའི་མཁས་དབང་གིས་འདྲ་མཉམ་ངང་སྤེལ་རེས་དང་ལག་གདང་སྦྲེལ་ནས་ཞིབ་འཇུག་བྱེད་པའི་རྩ་ཆེའི་དཔང་པོར་གྱུར་ཡོད”ཅེས་བརྗོད།
“དེ་ནི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་ལས་དོན་པ་ཡོ་རོབ་ཀྱི་སྐམ་ས་ཆེ་མོར་སྐྱོད་ཐེངས་དང་པོ་ཡིན་པ་དང་ཡོ་རོབ་ཀྱི་ཡི་གེ་མ་བྱུང་གོང་གི་རིག་གནས་ཀྱི་འབྱུང་གནས་ཡོ་རོབ་ཤར་ལྷོར་སྤེལ་བའི་གནའ་རྫས་རྟོག་ཞིབ་ཀྱི་མཉམ་ལས་ཤིག་རེད”ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབུན་ཁྲེང་ཧའོ་ཡིས། 2019ལོའི་ཟླ་7པར་ཀྲུང་གོ་དང་རོ་མ་ནི་ཡའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་སུའོ་དང་ཀྲེང་ཀྲོའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་རོ་མ་ནི་ཡའི་ཚན་རིག་ཁང་ཡཱ་ཤིས་གནའ་རྫས་རྟོག་ཞིབ་སུའོ་དང་ཡཱ་ཤིས་མོར་ཏུའོ་ཝ་རྒྱལ་བཙུགས་རྟེན་རྫས་བཤམས་མཛོད་ཁང་སོགས་ཚན་པའི་ཚན་ཞིབ་པ་10ལྷག་ཙམ་དང་མཉམ་དུ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ནས་རོ་མ་ནི་ཡའི་ཡཱ་ཤིས་གྲོང་ཁྱེར་ཏུའོ་པུའུ་རོ་ཝ་ཚི་གྲོང་ཚོར་གནའ་ཤུལ་སྔོག་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
“ཀྲུང་གོར་སྔོན་ཐོན་གྱི་སྒྲིག་ཆས་ཡོད་པ་དང་ལས་ཀའི་འགན་སེམས་ཀྱང་ཆེན་པོ་འདུག”
ཁུའུ་ཁུའུ་ཐེ་ཉི་རིག་གནས་མ་ལག་གི་ཁོངས་སུ་གཏོགས་པའི་ཏུའོ་པུའུ་རོ་ཝ་ཚི་གནའ་ཤུལ་ནི་རོ་མ་ནི་ཡའི་བྱང་ཤར་རྒྱུད་ཀྱི་རི་མ་ཐང་དུ་གནས་པ་དང་ཡོ་རོབ་ཤར་ལྷོའི་ཟངས་རྡོ་མཉམ་སྤྱོད་དུས་རབས་རིག་གནས་ཀྱི་གནའ་ཤུལ་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གཙོ་གནད་ནི་འདུས་སྡོད་ཀྱི་རྣམ་པ་དང་སོ་ཕག་ཁང་པའི་རྗེས་ཤུལ་སྔོག་འདོན་དང་ཞིབ་འཇུག་བྱ་རྒྱུ་དེ་ཡིན།
མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་རྗེས་ཤུལ་གྱི་ནུབ་རྒྱུད་ནས་ཁྱོན་སོ་ཕག་གི་རྗེས་ཤུལ་ཁང་པ་9ཤེས་རྟོགས་བྱུང་བའི་ནང་ཨང་གྲངས་3པའི་ཁང་པ་དེ་ཆེ་ཤོས་ཡིན་པ་དང་། ཁང་པའི་དཀྱིལ་ནས་མཆོད་སྟེགས་ཀྱི་རྗེས་ཤུལ་རྙེད་པ་དང་མཆོད་སྟེགས་ཀྱི་ཟུར་ཞིག་ནས་ཐོན་པའི་ཆག་སྐྱོན་མེད་པའི་རྫ་ཆས་དེ་ཕྱོགས་གཉིས་པོའི་མཉམ་ལས་ཁྲོད་རྙེད་པའི་གནའ་རྫས་གལ་ཆེན་དེ་ཡིན་པ་རེད།
“ཀྲུང་ཧྭའི་ཤེས་དཔལ་དང་འཛམ་གླིང་གི་ཤེས་དཔལ་མཉམ་འདྲེས་བྱས་ཚེ་གཞི་ནས་དེའི་ཐུན་མོང་མ་ཡིན་པའི་རིན་ཐང་རྟོགས་ཐུབ”
སྔོག་འདོན་ལས་དོན་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་དང་བསྟུན་ཏུའོ་པུའུ་རོ་ཝ་ཚི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་རིག་གཞུང་གི་རིན་ཐང་དང་དངོས་ཡོད་ཀྱི་དོན་སྙིང་དེ་བས་མངོན་ཡོད། རིག་གཞུང་ཞིབ་འཇུག་གི་ངོས་ནས་བརྗོད་ན། ཀྲུང་གོའི་གནའ་རྫས་རྟོག་ཞིབ་རུ་ཁག་ཡོ་རོབ་ཀྱི་ཡི་གེ་མ་བྱུང་གོང་གི་ཤེས་དཔལ་གྱི་ས་ཁོངས་གལ་ཆེན་དུ་ལས་ཀ་བྱེད་པར་སྐྱོད་ཐེངས་དང་པོ་ཡིན་ཞིང་། ཀྲུང་གོའི་མཁས་དབང་ཚོས་ཁུའུ་ཁུའུ་ཐེ་ཉི་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་དུས་ཀྱི་རྒྱབ་ལྗོངས་འོག་དབྱང་ཧྲའོ་རིག་གནས་དང་མཱ་ཅ་ཡའོ་རིག་གནས་སོགས་ཀྲུང་གོའི་ཡི་གེ་མ་བྱུང་གོང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བསྐྱར་དུ་ཞིབ་ལྟ་བྱེད་ཐུབ་ཡོད།
རྒྱལ་སྒྲོལ་གྱི་གནའ་རྫས་རྟོག་ཞིབ་མཉམ་ལས་དེར་རིག་གཞུང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མ་ཟད། རྒྱལ་སྒྲོལ་གྱི་མཉམ་ལས་མཛའ་བརྩེ་ཡང་དེ་བས་ཟབ་ཏུ་ཕྱིན་ཡོད། གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་མི་ཚོས་ཁང་པ་གཡར་ནས་ཏུའོ་པུའུ་རོ་ཝ་ཚི་ཡི་གྲོང་ཚོར་བསྡད་དེ་ཡུལ་་མི་དང་མཉམ་དུ་འཚོ་བར་རོལ་བས་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད། ད་ཆ་ཏུའོ་པུའུ་རོང་ཝ་ཚི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་དེ་དཔྱད་གཞི་ལེགས་སྒྲིག་དང་ཕྱོགས་བསྡུས་ཞིབ་འཇུག་གི་དུས་མཚམས་སུ་སླེབས་པ་དང་། ཀྲུང་གོ་དང་རོ་མ་ནི་ཡའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ད་ལོའི་དབྱར་ཁའི་མཉམ་ལས་ཚར་ཉེར་ཡོད་མོད། འོན་ཀྱང་མཉམ་ལས་ལ་ཞུགས་མཁན་མཁས་དབང་ཚོས་དེ་ནི་མཉམ་ལས་མཇུག་འགྲིལ་བ་མིན་པར་ཀྲུང་གོ་དང་རོ་མ་ནི་ཡའི་ཡི་གེ་མ་བྱུང་གོང་གི་ཤེས་དཔལ་ཞིབ་འཇུག་སྤེལ་རེས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།