དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀོ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་དུམ་བུར་ལྕགས་ལམ་དངོས་སུ་བཏིང་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-19

    འདི་ནི་ཟླ་3ཚེས་16ཉིན་པར་བླངས་པའི་མ་ལེ་ཞི་ཡའི་ཞུའེ་ལེན་ཨེ་ཀྲོའུ་ཨེ་མའེ་འབབ་ཚུགས་ཉེ་འགྲམ་གྱི་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་རྣམ་གྲངས་ཀྱི་ལྕགས་ལམ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅི་ལུང་ཕོ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀོ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་དུམ་བུར་ལྕགས་ལམ་དངོས་སུ་བཏིང་ཟིན་པ་ལས་ལྕགས་ལམ་དུམ་བུ་དེ་མ་ལག་སྒྲིག་སྦྱོར་དང་། ཚོད་ལྟ། སྙོམས་སྒྲིག་ཚོད་ལྟ་བཅས་ཀྱི་དུས་མཚམས་སུ་སླེབས་ཏེ་གཉེར་སྐྱོང་ཤར་གཏོང་ཐུབ་པར་རྨང་གཞི་བཏིང་བ་མཚོན་གྱི་ཡོད།

    མ་ལེ་ཞི་ཡའི་ནོར་སྲིད་པུའི་པུའུ་ཀྲང་ཨང་གཉིས་པ་ཨ་སྨིར·ཧ་མུའུ་ཀྲ·ཨ་ཆི་ཙན་གྱིས་ལྕགས་ལམ་འདིང་བའི་མཛད་སྒོར་ལམ་ཐག་ཧྲིལ་པོར་སྤྱི་ལེ་519ཡོད་པའི་ཀོ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་ལྕགས་ལམ་སྔ་སྣུར་དུ་བཏིང་ཟིན་པ་ལས་མ་ཀྲུང་རྒྱལ་ཁབ་གཉིས་པོ་མཐུན་སྦྱོར་དང་མཉམ་ལས་དམ་ཟབ་ཐུབ་པ་མཚོན་ཡོད་ཅེས་བརྗོད་པ་རེད།

    མ་ལེ་ཞི་ཡ་སྲིད་གཞུང་གི་དབུ་བཞུགས་དྲུང་ཡིག་ཨ་ཚེ་ལིས་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་ནི་མ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་འཐབ་ཇུས་རྒྱུ་ནོར་ཡིན་པ་མ་ཟད། མ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་དམ་ཟབ་བྱེད་པའི་མཚོན་རྟགས་ཤིག་ཀྱང་རེད། ལྕགས་ལམ་དེ་བསྐྲུན་ཟིན་རྗེས་དམངས་ཚོགས་ལ་དེ་བས་དེང་རབས་ཅན་དང་། ནུས་ཆེ། བདེ་འཇགས་བཅས་ཀྱི་ཕྱིར་སྐྱོད་ཉམས་ལེན་ཐུབ་ནས་མ་ལེ་ཞི་ཡའི་འགྲིམ་འགྲུལ་མ་ལག་ལ་འགྱུར་ལྡོག་གཏོང་རྒྱུ་རེད་ཅེས་བརྗོད།

    ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི(ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན)མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཏེང་པོ་ཡིས། ཁོ་སི་ཐ་རི་ཁའི་ཀོ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་ལྕགས་ལམ་བཏིང་བ་དང་བསྟུན་ནས། གློག་ཤུགས་ཤུགས་འགྲེམས་མེ་འཁོར་གྱིས་སྤྱི་ལེ་8000གི་གེགས་མེད་འཁོར་སྐྱོད་ཚད་ལེན་ཚོད་ལྟ་བྱེད་འགོ་འཛུགས་རྒྱུ་རེད། དེ་ནི་རྣམ་གྲངས་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པའི་འགག་རྩའི་གོམ་སྟབས་ཤིག་ཡིན་ཞིང་དེས་ཀྲུང་གོ་ཕྱོགས་ཀྱི་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་པོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁས་ལེན་བརྟན་པོ་མཚོན་ཡོད་ཅེས་བརྗོད་པ་རེད།

    མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་རྣམ་གྲངས་ནི་ཀྲུང་གོ་དང་མ་ལེ་ཞི་ཡས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་སྤྱིའི་རིང་ཚད་སྤྱི་ལེ་600ལྷག་ཙམ་འཆར་འགོད་བྱས་པའི་ནང་ཀོ་ཏ་པ་ལུའུ་ནས་ཨེ་མའེ་བར་གྱི་དུམ་བུ་ནི་དུས་ཐེངས་དང་པོའི་ལས་གྲྭ་ཡིན་ཞིང་། འཆར་གཞི་ལྟར་ན་2027ལོའི་ཟླ་དང་པོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱ་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།