དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བདེ་ཐང་ཀྲུང་གོ་དང་གོམ་སྟབས་གཅིག་གྱུར་བྱེད།

    ——ཀུན་སྤྱོད་གློག་ལས་སྨན་བཅོས་ཀྱི་གོ་ལ་ཧྲིལ་པོའི་ལག་བསྟར་ཙུང་ཚའེ་གཞོན་པ་སུང་ཝུའེ་ཆུན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-19

    “ད་ལོའི་ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག་སྐྱེ་དངོས་གསོ་རིག་སོགས་གསར་དར་ཀ་རྟེན་ཐོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་གཙོ་གནད་ཐོག་གཏོད་པ་དང་དེ་བཞིན་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་སྨན་བཅོས་ཐད་ཀྱི་དམངས་འཚོའི་བྱེད་ཐབས་མང་པོ་བཏོན་པ་དེས‘མི་དམངས་ཀྱི་བདེ་ཐང་ལྟེ་བར་བྱེད་པའི’འདུ་ཤེས་དོན་འཁྱོལ་ཏན་ཏིག་བྱེད་བཞིན་ཡོད་པ་ང་ཚོར་མྱོང་ཚོར་ཟབ་མོ་བྱུང”ཞེས་ཀུན་སྤྱོད་གློག་ལས་སྨན་བཅོས་ཀྱི་གོ་ལ་ཧྲིལ་པོའི་ལག་བསྟར་ཙུང་ཚའེ་གཞོན་པ་དང་ཀྲུང་ཧྭ་ཆེན་མོའི་ཁུལ་གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་སུང་ཝུའེ་ཆུན་གྱིས་བརྗོད་པ་དང་། ཁོང་གིས“‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། ང་ཚོས་སྨན་བཅོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་རྐང་འདིར་དམ་པོར་དམིགས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་རྒྱུན་མཐུད་གསར་གཏོད་ལ་བརྟེན་ནས་རོགས་རམ་བྱ་རྒྱུ་ཡིན”ཞེས་བརྗོད།

    ཀུན་སྤྱོད་གློག་ལས་སྨན་བཅོས་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་1897ལོར་འགོ་ཚུགས་ཤིང་། གློག་ལས་སྨན་བཅོས་ཁེ་ལས་དེས་ཐོན་སྐྱེད་བྱས་པའི་Xགློག་པར་སྐབས་དེ་དུས་ནས་ཀྲུང་གོའི་ནད་པར་སྤྱོད་འགོ་ཚུགས་ཡོད། 1991ལོར་ཀྲུང་གོར་ཀུན་སྤྱོད་གློག་ལས་སྨན་བཅོས་ཀྱི་མ་རྩ་མཉམ་འཇོག་གི་བཟོ་གྲྭ་ཐོག་མ་དེ་བཙུགས་པ་དང་། ན་ནིང་ལོ་མཇུག་ཏུ་ཀུན་སྤྱོད་གློག་ལས་སྨན་བཅོས་ཐེན་ཅིན་ཉིང་རྡུལ་གློག་པར་གྱི་སའི་གོ་ལའི་ཤར་ཕྱེད་སྤྱི་ཁྱབ་པུའུ་གསར་གཏོད་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ཁྱོན་ཡོངས་ནས་ཉིང་རྡུལ་གློག་པར་ཞིབ་སྤེལ་ལ་རྩེ་གཅིག་ཏུ་གཞོལ་མཁན་རྟེན་གཞི་འདིས“ཐེན་ཅིན་གྱིས་བཟོས་པའི”རྩེར་སོན་གློག་པར་སྒྲིག་ཆས་དེ་བས་མང་བ་ཐོན་སྐྱེད་བྱེད་པ་མ་ཟད། དྲི་ཞིམ་མེ་ཏོག་ལྟ་བུར་འགྱུར་བར་བྱས་ནས་སྟོད་སྨད་རྒྱུད་ཀྱི་ཐོན་ལས་འཁོར་འབྲེལ་གྱི་བུང་བ་འདི་གར་གཅིག་ཏུ་འདུ་བའི་ཡིད་དབང་འགུག་རྒྱུ་རེད། དེའི་རྒྱབ་ལྗོངས་ནི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་སྨན་བཅོས་བདེ་ཐང་གི་བྱ་གཞག་རེད། འདས་ཟིན་པའི་ལོ་3རིང་། ཀུན་སྤྱོད་གློག་ལས་སྨན་བཅོས་ཀྱིས་CTགློག་པར་དང་རིག་ནུས་ཀྱི་ཉིང་རྡུལ་གློག་པར་སོགས་ཚུད་པའི་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་མགྱོགས་མྱུར་ནད་ཐོག་ཏུ་སྤྱོད་རྒྱུར་སྐུལ་འདེད་བཏང་བ་མ་ཟད། པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ཝུའུ་ཞི་བཅས་ཞིབ་སྤེལ་གསར་གཏོད་ཀྱི་རྟེན་གཞི་ཆེན་པོ་བཞིར་བརྟེན་ནས་གསར་གཏོད་ཤེས་ལྡན་པ་1800ལྷག་ཙམ་གྱིས་ས་གནས་དེ་གའི་གསར་གཏོད་ཐོན་རྫས་ཁག་170ལྷག་ཙམ་ཁྲོམ་རར་བཏོན་ཡོད།

    “ཀྲུང་གོའི་ཁྲོམ་ར་བརྟན་པོ་ཡོང་མིན་དེ་མི་འབོར་དུང་ཕྱུར་14ལྷག་ཙམ་གྱི་གཞི་ཁྱོན་ལ་རག་ལུས་པ་མ་ཟད། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་ཀྱི་བསྟུན་མཁས་རང་བཞིན། དོན་འཁྱོལ་གྱི་དངོས་སྒྲུབ་རང་བཞིན་བཅས་ལ་དེ་བས་རག་ལུས་ཡོད”ཅེས་སུང་ཝུའེ་ཆུན་གྱིས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་གསོན་ཤུགས་ཀྱིས་ཕྱུག་ལ་སྒོ་དབྱེ་དང་མཉེན་ཆ་ལྡན་པའི་ཁྲོམ་ར་ཞིག་ཧུར་ཐག་གཏོད་བཞིན་ཡོད། སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པས་ཀྲུང་གོ་རང་ཉིད་དང་རྒྱལ་སྒྲོལ་ཀུང་སིར་མཉམ་དུ་ཕན་པ་ཐོབ་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།