མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་གཏེར་ལེན་ཁ་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སུའེ་ཞའོ་པོའོ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ལས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ནས་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་དང་གཏེར་ལེན་ཁ་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་སུའེ་ཞའོ་པོའོ་ཡི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། སུའེ་ཞའོ་པོའོ་ཡི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་ལག་བསྟར་ནུས་ལྡན་མ་བྱས་པ། ཐམ་མེ་ཐོམ་མེ་བྱེད་པ། ཡུན་རིང་རྨོངས་དད་ཀྱི་བྱེད་སྤྱོད་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཞག་ནས་དུས་ཡུན་རིང་པོར་སྒྲིག་འགལ་ངང་ལག་རྟགས་དང་། འབུལ་རྟེན། འཛད་སྤྱོད་གཱ་བཅས་བླངས་པ་དང་། གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། གཞུང་འཁོར་སྒེར་སྤྱོད་བྱས་པ། རྩ་འཛུགས་ཀྱི་རྩ་དོན་དང་འགལ་ནས་ལས་སྒྱུར་ཐད་མི་གཞན་ལ་ཁེ་ཕན་དོན་གཉེར་བྱས་པ། རྩ་འཛུགས་ཀྱིས་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་དུ་གསལ་བཤད་མ་བྱས་པ། སྤྱོད་གཙང་གི་མཐའ་ཚད་ལས་འགལ་ནས་གཤམ་འོག་ལ“བུ་རྫི་རྣམ་པའི”ཞབས་ཞུ་མཁོ་འདོན་བྱེད་དུ་བཅུག་པ། མི་གཞན་ལ་རོགས་རམ་བྱེད་སྐབས་རྒྱུ་དངོས་བླངས་པ། སྒྲིག་འགལ་ངང་ལས་གྲྭའི་རྣམ་གྲངས་ལ་ཐེ་ཇུས་བྱས་པ། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་མཐའ་ཚད་སྤུ་ཙམ་ཡང་མེད་པར་དབང་ཆ་དང་དངུལ་གྱི་ཉོ་ཚོང་ཤུགས་ཆེན་བྱས་པ་དང་མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་པ་དང་། ས་ཞིང་ཞིབ་མཆན་འགོད་པ། རྣམ་གྲངས་ཀྱི་ཁ་གསབ་དངུལ་ལེན་པ་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་ཡང་བླངས་ཡོད།
སུའེ་ཞའོ་པོའོ་ཡིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་སྡུག་ཚོད་མ་ཟིན་པ་དང་སྡུག་ལག་མ་སྐུམ་པས། ངོ་བོ་ཚབས་ལྕི་བ་དང་ཤུགས་རྐྱེན་ངན་པ་བཟོས་མཐར་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་གནང་རོགས་ཞུས་པ་བརྒྱུད། སུའེ་ཞའོ་པོའོ་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་ལས་གནས་ལས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། མཚོ་སྔོན་ཞིང་ཆེན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་དང་། མཚོ་ནུབ་ཀྲོའུ་ཡི་ཚོགས་འདུ་ཐེངས་བཅུ་གསུམ་པ། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་འཐུས་མིའི་ཐོབ་ཐང་མེད་པ་བཟོ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཐང་ཚང་མ་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་གི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་འབྲེལ་ཡོད་རྒྱུ་དངོས་ཀྱང་མཉམ་དུ་རྩིས་སྤྲོད་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།