གཞི་རིམ་མངགས་གཏོང་ཁང་གི་སུའོ་ཀྲང་ལིའུ་ཕེང་གིས་བརྗོད་དོན།
ལས་གནས་ཇི་ཙམ་དཀའ་ཚེགས་ཆེ་ཡང་དེ་ཙམ་གྱིས་རྒྱུན་འཁྱོངས་བྱེད་དགོས།

ལིའུ་ཕེང(གཡས་ཀྱི་གཉིས་པ)གིས་འབྲོག་པ་མང་ཚོགས་ཁྲོད་དུ་འདྲི་རྟོག་ལ་སྐྱོད་བཞིན་པ། (པར་དེ་དཀར་མཛེས་ཀྲོའུ་སྤྱི་བདེ་ཅུས་ནས་མཁོ་འདོན་བྱས)
ས་མཐོའི་ཞོགས་པ་ཞིག་ལ། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་དཀར་མཛེས་རྫོང་ཤར་ཕྱོགས་མངགས་གཏོང་ཁང་གི་གློག་སྒྲོན་དུས་ཐོག་ཏུ་སྤར་ཞིང་། གཞུང་ལས་ཁང་དུ་གད་ཕྱིས་བྱས་རྗེས་སུའོ་ཀྲང་ལིའུ་ཕེང་གི་ཉིན་གཅིག་གི་ལས་འགོ་ཚུགས།
“ཉིན་ཤས་གོང་། མཚན་མོ་གསལ་པོ་མི་མཐོང་བས་རླངས་འཁོར་ཞིག་ཡུར་བུའི་ནང་ལྷུངས་པའི་ཡུལ་སྐོར་བ་འགར་རོགས་པ་བྱས་པ་ཡིན”སྐབས་དེ་དུས་ལིའུ་ཕེང་དང་ལས་རོགས་ཚོས་འཕྲལ་དུ་ཉེན་གྱར་མི་སྣ་རླངས་འཁོར་ནས་བཏོན་ཏེ་སྨན་ཁང་དུ་བསྐྱལ་བ་དང་ནམ་ཕྱེད་ཙམ་ལ་གཞི་ནས་ལས་མཇུག་བསྒྲིལ་བ་རེད། གནམ་གཤིས་ཡག་པོ་མེད་པའི་སྐབས་སུ་ལིའུ་ཕེང་གིས་གནས་ཚུལ་དེ་རིགས་ཐོན་པའི་སེམས་ཁྲལ་ཡང་ཡང་བྱེད་ཀྱི་ཡོད།
ད་ལོ་ནི་ལིའུ་ཕེང་ཤར་ཕྱོགས་མངགས་གཏོང་ཁང་དུ་ལས་ཀ་བྱས་པའི་ལོ་བཅུ་པ་དེ་ཡིན་ཞིང་། མངགས་གཏོང་ཁང་གནས་ས་ནི་དེ་སྔ་དམར་དམག་གིས་བརྒལ་མྱོང་བའི་ལམ་གོང་ལའི་གངས་རིའི་འདབས་སུ་གནས་པ་དང་། ས་བབ་སྨི་4000ཙམ་ཟིན་པ་དེ་ནི་རྒྱལ་ལམ་317གྱི་ལམ་ཚིགས་གལ་ཆེན་ཞིག་རེད། ལམ་གཟར་ཞིང་གུག་ཆ་མང་བས་འགྲིམ་འགྲུལ་ལས་འཛོལ་ཡང་སེ་ཐོན་གྱི་ཡོད། ལམ་གོང་ལའི་ཉེན་དོན་ས་ཚིགས་ཡིན་པའི་ཤར་ཕྱོགས་མངགས་གཏོང་ཁང་གི་ཉེན་རྟོག་པ་ཚོས་འགྲིམ་འགྲུལ་བདེ་འཇགས་འགན་སྲུང་བྱེད་པའི་ལས་འགན་འཁུར་གྱི་ཡོད།
སྙན་སེང་འབྱོར་ནས་ཉེན་རྟོག་པ་ཐོན་པའི་བར་ལིའུ་ཕེང་གིས་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡིན་པ་ཤེས་ཀྱི་ཡོད། གངས་གསོག་ཐེབས་རིམ་བཞིན་རྒྱལ་ལམ་སྟེང་དུ་རྟག་ཏུ་རླངས་འཁོར་མགོ་རྟིང་ལོག་པ་དང་ཁ་ཤོར་བའི་གནས་ཚུལ་ཡང་སེ་ཐོན་ནས་ཁ་ལོ་བ་དང་འགྲུལ་པ་མང་པོ་ཉེན་ཁར་གྱར་གྱི་ཡོད། ལམ་གོང་ལ་དང་རྫོང་གྲོང་བར་སྤྱི་ལེ་30ཟིན་པའི་ཀྱག་ཀྱོག་གི་རི་ལམ་བརྒྱུད་དགོས་པ་དང་། དགུན་དུས་ཀྱི་མཚན་མོར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ཙམ་ཟིན་གྱི་ཡོད་པས། ཉེན་རྟོག་པའི་རོགས་རམ་ནི་ཉེན་གྱར་བའི་རེ་ལྟོས་བྱེད་ས་འབའ་ཞིག་དེ་རེད།
“བག་ཆགས་ཟབ་ཤོས་ཤིག་ནི་2019ལོའི་དགུན་ཁར་ཁ་བ་བུ་ཡུག་རྒྱུན་མི་ཆད་པར་འཚུབ་པར་བརྟེན། ང་ཚོས་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་དུ་མཚན་མོ་5བསྟུད་མར་འགྲིམ་འགྲུལ་ལམ་སྟོན་བྱེད་ཀྱིན་གངས་གསོག་འཕྱགས་པ་ཡིན”ལིའུ་ཕེང་གི་ཁ་པར་ནང་རྐང་པའི་ཉྭ་རིལ་བར་དིམ་པའི་གངས་གསོག་དང་། གངས་གསོག་བཤངས་ནས་གུག་པའི་སྦྱག་མ། ངོ་གདོང་ལ་འཁྱགས་རེངས་ཐེབས་པའི་ལས་རོགས་སོགས་ཀྱི་འདྲ་པར་སྣ་ཚོགས་ཡོད་པ་རེད། ལག་གཉིས་འཁྱགས་སྦོས་ཐེབས་པ་དང་ལུས་ལ་སྨུག་ཐིག་ཆགས་ནའང་། ལིའུ་ཕེང་གི་དེ་གར་བརྟན་སྲུང་བྱེད་པའི་བསམ་ཚུལ་སྔར་བས་བརྟན་དུ་སོང་ཞིང་། “ལས་གནས་ཇི་ཙམ་དཀའ་ཚེགས་ཆེ་ཡང་དེ་ཙམ་གྱིས་རྒྱུན་འཁྱོངས་བྱེད་དགོས”ཞེས་ཤོད་ཀྱི་ཡོད།
2023ལོའི་ཟླ་5པར། ལིའུ་ཕེང་གིས་བརྩོན་ལེན་བྱས་པ་བརྒྱུད། ས་གནས་དེ་གའི་སྲིད་གཞུང་གིས་ཤར་ཕྱོགས་མངགས་གཏོང་ཁང་གི་འགྲམ་དུ་བདེ་འཇགས་ས་ཚིགས་གསར་རྐྱང་ཞིག་བསྐྲུན་ཞིང་། དེ་གར་འབོལ་ཁྲི་དང་གསོ་རླུང་བཀོད་སྒྲིག་བྱས་པའི་ངལ་གསོ་ཁུལ་དེ་རྒྱ་ཆེ་བ་དང་དྲོད་རླངས་གློད་ཡོད་པ་མ་ཟད། མི་དམངས་ཉེན་རྟོག་པར་ས་ཚིགས་དེའི་ཐོག་སོ་གཉིས་པར་ཉལ་ཁང་གསར་པའང་ཡོད་པ་རེད། “ས་ཚིགས་འདིར་ཁྱིམ་དུ་ལོག་པ་ལྟ་བུའི་དྲོ་སྐྱིད་འདུག”ཅེས་ལིའུ་ཕེང་གིས་བརྗོད།
“ངལ་གསོ་ཕྲན་བུ་བརྒྱབ་ནས་ལུས་པོ་དྲོ་སོབ་སོབ་ཆགས་རྗེས་སླར་ཡང་རྡོག་ཐོན་བྱེད”ཅེས་པ་འདི་ནི་བདེ་འཇགས་ས་ཚིགས་ཀྱི་དམིགས་ཡུལ་ཡིན། མིག་སྔའི་བར། ལིའུ་ཕེང་དང་ལས་རོགས་ཚོས་ཁ་ལོ་བ་དང་འགྲུལ་པ་2000ལྷག་ཙམ་ལ་རོགས་རམ་བྱས་པ་དང་། ས་ཚིགས་དེའང་རྒྱལ་ལམ་317རྒྱུད་ཀྱི་ཁྱད་ལྡན་ས་ཁམས་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཉེན་རྟོག་པའི་རླངས་འཁོར་བཏང་སྟེ་ལིའུ་ཕེང་སླར་ཡང་སྐོར་གཡེང་གི་ལམ་དུ་ཞུགས། ཤར་ཕྱོགས་ཤང་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་252ཟིན་པ་དང་ཁོངས་གཏོགས་སུ་སྲིད་འཛིན་གྲོང་ཚོ་9ཡོད་ཅིང་། ཡུལ་མི་སྤུན་ཟླ་ཚོའི་སེམས་སུ་མངགས་གཏོང་ཁང་དེའང་མིང་དོན་མཚུངས་པའི་བདེ་འཇགས་ས་ཚིགས་ཤིག་ཡིན་པ་རེད།
“འབྲི་གཡག་བརླག་མི་འདུག་གམ”ཞེས་འབྲོག་པ་བསོད་སྐྱིད་རིག་འཛིན་གྱི་ཁྱིམ་དུ་འབྱོར་སྐབས། ལིའུ་ཕེང་གིས་རྣམ་ཀུན་ལྟར་རླངས་འཁོར་ལས་བབས་ཏེ་སྐད་ཆ་དྲིས། བསོད་སྐྱིད་རིག་འཛིན་གྱིས་ལིའུ་ཕེང་གི་མདུན་བསུས་ཏེ་རྩྭ་རར་འཁྲིད་ནས“ཚང་མ་ཚང་ཡོད”ཅེས་ལན་བཏབ།
ས་གནས་དེ་གའི་ཡུལ་མི་མང་ཆེ་བ་འབྲོག་པ་ཡིན་པས་རྟ་དང་འབྲི་གཡག་ནི་ཚང་མའི་སྲོག་རྩ་ལྟ་བུ་རེད། འབྲོག་ཁུལ་དུ་ཕྱུགས་རིགས་རྐུ་ཤོར་བ་དང་བརླགས་པའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད་པས། ཉེན་དོན་སྙན་སེང་འབྱོར་རིམ་བཞིན་ལིའུ་ཕེང་གིས་ཐོན་གྲ་བསྒྲིགས་ནས་སྡོད་ཀྱི་ཡོད།
ཉེ་བའི་ལོ་ཤས་རིང་། ཁོང་གིས་སྔ་རྗེས་སུ་གྱོད་གཞི་80ལྷག་ཙམ་རྩད་བཅད་དེ་འབྲི་གཡག་དང་རྟ་མགོ་གྲངས་800བཙལ་ནས་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་600ལྷག་ཙམ་བསབས་ཡོད་པ་རེད།
གྲོང་ཚོའི་འཚོ་བའི་འགྱུར་ལྡོག་སྐོར་གླེང་སྐབས། བསོད་སྐྱིད་རིག་འཛིན་ལ་མྱོང་ཚོར་ཟབ་མོ་ཡོད། ཤར་ཕྱོགས་མངགས་གཏོང་ཁང་གིས་གྲོང་ཚོ་ཚང་མར“བདེ་འཇགས་དོ་དམ་པ”རེ་བཀོད་སྒྲིག་བྱས་ནས་གྲོང་ཚོ་རེར་ཉེན་རྟོག་པ་རེའི་ཞབས་འདེགས་ཞུ་ཡི་ཡོད་པས། སེམས་ཅན་བརླགས་ན་འཚོལ་མཁན་ཡོད་པ་དང་། འགལ་ཟླ་དང་རྩོད་གཞི་འཕྲལ་དུ་འདུམ་འགྲིག་བྱེད་མཁན་ཡོད། “བདེ་འཇགས་ཁོར་ཡུག་ལེགས་སུ་སོང་བས་ང་ཚོས་སེམས་ནུས་ཡོད་རྒུ་འབབ་འཕར་ཕྱུག་འགྱུར་ཐད་འཇོག་ཐུབ” ལོ་28ལ་སླེབས་པའི་བསོད་སྐྱིད་རིག་འཛིན་གྱིས་འབྲི་གཡག་མགོ་གྲངས་100ལྷག་ཙམ་གསོས་ཡོད་པ་མ་ཟད། དྲོ་སོབ་སོབ་ཀྱི་ཁང་པ་གསར་པར་སྤོས་ཡོད།
ཅི་འཕྲོས་མོལ་འཕྲོས་ཤོད་རིང་། ལིའུ་ཕེང་ལ་ཁ་པར་མང་པོ་སླེབས། ཐེམ་ཐོའི་སྲིད་ཇུས་འདྲི་མཁན་དང་ཁྱིམ་ཚང་གི་འགལ་ཟླ་གླེང་མཁན་གྱི་ཁ་པར་ཚང་མར་ལིའུ་ཕེང་གིས་ངང་རྒྱུད་རིང་པོས་ལན་བརྒྱབ་པ་དང་། ཁག་གཅིག་ལ་ཐད་ཀར་ཁྱིམ་དུ་ཐག་གཅོད་བྱེད་པའི་དུས་ཚོད་ཁ་ཆད་བྱས། ཤར་ཕྱོགས་མངགས་གཏོང་ཁང་དུ་ལས་ཀར་སླེབས་ཚུན་ཁོང་གི་ཁ་པར་སྤྱིར་བཏང་ཁ་བཀག་མྱོང་མེད་པ་དང་། ཡུལ་མི་ཚོས་ཁོང་གི་ཁ་པར་ཨང་གྲངས་ངེས་ཏེ“དཀའ་ངལ་འཕྲད་ན་ཉེན་རྟོག་པ་འཚོལ་བ”གོམས་གཤིས་སུ་གྱུར་ཡོད།
འགྲོ་ལམ་དུ་འཁོར་རིགས་རྒྱུན་ཆད་རྒྱུ་མེད་པ་དང་རྒྱང་རིང་གི་གྲོང་ཚོར་ཐབ་ཀྱི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར། བདེ་འཇགས་ས་ཚིགས་ཀྱི་སྒོ་རྩར་ལིའུ་ཕེང་ལ་གདེང་ཚོད་རབ་ཏུ་འཕེལ་ཞིང་། “སྤྱིར་བཏང་གི་ལས་གནས་ཐོག་རང་ནུས་ལྕོགས་ཚོད་ཀྱི་ལེགས་སྐྱེས་འབུལ་བ་དེས་ཡུལ་ཕྱོགས་དེ་གའི་དུས་བདེ་སྲུང་ཐུབ”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།