ང་ཚོར་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཇི་འདྲ་ཞིག་དགོས་སམ།
མེ་ལོང་ཞིག་དང་འདྲ་བའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ལས་མངོན་པ་ནི་ལས་བྱེད་པའི་ཏང་གཤིས་དང་། མཚོན་པ་ནི་སྤྱོད་ཚུལ། ཐོབ་པ་ནི་དམངས་སེམས་ཡིན། ང་ཚོར་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཇི་འདྲ་ཞིག་དགོས་སམ་ཞེ་ན། དེ་ཡང་རྩ་བའི་གནད་དོན་གསུམ་ལ་ལན་ཡག་པོ་འདེབས་དགོས་ཏེ། སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས་པ་དང་། སྲིད་དོན་ལས་རྗེས་ཇི་འདྲ་ཞིག་འཇོག་དགོས་པ། གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས་པ་བཅས་སོ།
སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས་སམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ་གུང་ཁྲན་ཏང་མིས་ངེས་པར་དུ་བློ་ལ་བརྟན་པོར་ངེས་དགོས་ཞེས་གསུངས་ཡོད།
བོད་འདི་ཉིད་ས་མཐོར་གནས་པས་ཆ་རྐྱེན་ཧ་ཅང་ཞན་པར་བརྟེན། མི་སེར་ཚོས་ཆེས་མཐོང་མི་འདོད་པ་ནི་ལས་བྱེད་པས“འདྲ་ཆགས་པོ”བྱས་ཏེ་ནང་ལ་རྩམ་པ་མེད་པར་སྒེའུ་ཁུང་རྩམ་རལ་ཡོག་ཡོག་བྱེད་པ་དེ་རེད། ང་ཚོར་དགོས་པའི་ལས་བྱེད་པ་ནི་ཁུང་ཧྥན་སེན་དང་འདྲ་བར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཐོག་མཐའ་བར་གསུམ་དུ་མི་སེར་སེམས་སུ་འཇོག་པའི་ལས་བྱེད་པ་རེད། གཞི་རིམ་དུ་བརྟག་ཞིབ་ལ་སྐྱོད་སྐབས་རྟ་ཐོག་ནས་མེ་ཏོག་ལ་ལྟ་བ་ལྟར་བྱ་རྒྱུ་མེད་པར་དངོས་སུ་ཁྱིམ་དུ་བསྐྱོད་དེ་ཁྱིམ་ཚང་གི་བདེ་སྡུག་གང་འདྲ་ཡོད་པ་དང་། ཟ་འབྲུ་འདང་གི་ཡོད་མེད། ཕྲུ་གུ་སློབ་གྲྭར་སྐྱོད་སྐབས་བདེ་འཇགས་ཡིན་མིན་སོགས་སྐད་ཆ་འདྲི་དགོས། ལས་བྱེད་པའི་གྲུབ་འབྲས་ནི་ཡིག་ཆའི་ནང་དུ་བྲིས་པའི་གྲངས་གཞི་ཙམ་མིན་པར་མི་སེར་གྱི་གདོང་ལས་འཕྱུར་བའི་འཛུམ་མདངས་ཡིན་དགོས། ལས་ཞུགས་ག་ཚོད་ཐུབ་པ་དང་། ཡོང་འབབ་ག་ཚོད་འཕར་བ། གྲོང་ཚོ་གང་དག་ཏུ་ལམ་ཤར་གཏོང་ཐུབ་པ། ཚོགས་ཆུང་གང་དུ་ཆུ་ཀ་ལ་འཁྲིད་པ་སོགས་ཁ་ཡོད་ལག་ཡོད་ཀྱི་རྩིས་ཁྲ་འདི་ཚོ་ནི་ང་ཚོས་ཁས་ལེན་བྱེད་པའི་སྲིད་དོན་ལས་རྗེས་ངོ་མ་དེ་རེད།
དེས་ན། སུའི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་དགོས་སམ་ཞེ་ན། མི་དམངས་མང་ཚོགས་ཀྱི་ཆེད་དུ་ལས་རྗེས་འཇོག་དགོས།
སྲིད་དོན་ལས་རྗེས་གང་འདྲ་འཇོག་དགོས་སམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མངོན་ཆེའི་འབད་རྩོལ་བྱེད་དགོས་ལ་མངོན་ཆུང་གི་འབད་རྩོལ་ཡང་བྱས་ནས་མི་སྒེར་གྱི་ཁེ་གྲགས་ལ་མི་རྩོད་པར། མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་རྗེས་ཀྱི་གདེང་འཇོག་ངོ་མ་དོན་གཉེར་བྱེད་དགོས་ཞེས་གསུངས་ཡོད།
བོད་ཀྱི་འཕེལ་རྒྱས་ལ་དམིགས་བསལ་གྱི་ཆོས་ཉིད་ལྡན་ཡོད་པས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་དགོས་ལ་སྙིང་རུས་གཏན་འཁྱོངས་དེ་བས་ཀྱང་བྱེད་དགོས། ང་ཚོར་དགོས་པའི་སྲིད་དོན་ལས་རྗེས་ནི་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི“ལོ་ངོ་སྟོང་གི་ནགས་ཚལ”ཡིན་པ་ལས་འཕྲལ་བདེ་འཕྲལ་ཕན་གྱི“ལྕང་གླིང་གྲུ་བཞི”མིན། ལས་བྱེད་པས་ལས་ཀ་བྱེད་དུས་ཀྱང་དེ་དང་འདྲ་བར། རང་ཉིད་ཀྱི་གོ་གནས་འཕར་བའི་ཆེད་དུ་བསམ་བློ་ཁོ་ན་བཏང་ནས“མྱུར་འགྲུབ”ཀྱི་རྣམ་གྲངས་སྤེལ་ཏེ་ཕུགས་ལ་ཕན་པའི་དངུལ་ཚང་མ་སྟོར་བ་དང་བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ཚང་མ་སྔོན་ལ་ལོངས་སུ་སྤྱོད་རྒྱུ་མེད། “མངོན་འབྲས”དང“སྦས་འབྲས”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། དོན་དག་ཁག་གཅིག་ལ་དུས་ཐུང་ནང་འུར་ཆིལ་ཆིལ་གྱི་རྣམ་པ་མཐོང་མི་ཐུབ་མོད། འོན་ཀྱང་རྩ་བ་ཚུགས་ཟིན་པའི་གསོམ་སྡོང་དང་འདྲ་བར་ནམ་ཞིག་ནམ་མཁར་ཟུག་པའི་སྡོང་ཆེན་དུ་འགྱུར་སྲིད།
དེས་ན། སྲིད་དོན་ལས་རྗེས་གང་འདྲ་འཇོག་དགོས་སམ་ཞེ་ན། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་སྲིད་དོན་ལས་རྗེས་འཇོག་དགོས།
གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས་སམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་རྗེས་ཚང་མ་ནི་དཀའ་བ་སྤྱད་ནས་བསྒྲུབས་པ་ཤ་སྟག་ཡིན་པ་དང་། དོན་དམ་དངོས་སྒྲུབ་བྱས་ན་གཞི་ནས་ལས་རྗེས་འཇོག་ཐུབ་ལ་ལས་རྗེས་ངོ་མའང་འཇོག་ཐུབ་ཅེས་གསུངས་ཡོད།
བོད་དུ་ལས་དོན་སྒྲུབ་སྐབས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དཀའ་ངལ་ལ་མི་སྐྲག་པ་དང་སྡུག་རུས་འཁྱོག་པོ་བྱེད་དགོས། ཞིང་འབྲོག་ཁུལ་དུ་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བར་ས་ཞིང་རེ་རེ་བཞིན་ལ་ཚོད་ལྟ་བྱེད་དགོས། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་སྐབས་དུད་ཁྱིམ་རེ་རེར་སེམས་གཏམ་གླེང་བར་སྐྱོད་དགོས། “ཨ་ན་ཨུ་ཚུགས”བྱེད་མཁན་ལས་བྱེད་པ་འདི་རིགས་ལས་དོན་སྒྲུབ་སྐབས་བློས་འཁེལ་ལ་མི་རྣམས་བློ་བདེ་བ་ཞིག་ཡོད། ང་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། བརྟག་དཔྱད་ལ་ཁ་གཏད་གཅོག་ཆེད་གྲངས་གཞི་རྫུན་མ་བཟོ་བ་དང་ལྟ་སྐོར་དཔྱད་བསྡུར་གྱི་ཆེད་དུ་མ་ཡིན་ཡིན་ཁུལ་བྱེད་མཁན་དག་ལ་ངོ་རྒོལ་བྱེད་དགོས།
དེས་ན་གང་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་དགོས་སམ་ཞེ་ན། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ལ་བརྟེན་ནས་ལས་རྗེས་འཇོག་དགོས།
ང་ཚོར་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཇི་འདྲ་ཞིག་དགོས་སམ་ཞེ་ན། “དམངས་ཀྱི་ཆེད་དུ་དང་། ཆོས་ཉིད་དང་མཐུན་པ། བྱ་བ་དངོས་སྒྲུབ་པ། འགན་འཁྲི་འཁུར་ཕོད་པ”བཅས་ཀྱི་ལྟ་བ་ཞིག་དགོས། ས་མཐོའི་ཏང་ཡོན་ལས་བྱེད་པ་ཚང་མས་རྟག་ཏུ་རང་ཉིད་ལ“བོད་ཀྱི་འཛུགས་སྐྲུན་ནང་ཇི་ཙམ་ཞུགས་ཡོད་དམ། བོད་ནས་བྲལ་སྐབས་གང་ཞིག་འཇོག་ཐུབ་བམ”ཞེས་དྲི་བ་འདོན་དགོས། དེ་ལྟར་བྱས་ཚེ་གཞི་ནས་མི་དམངས་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་སྲིད་དོན་ལས་རྗེས་འཇོག་ཐུབ།
འབྲེལ་ཡོད་གསར་འགྱུར།