བོད་ཀྱིས་ཀྲུང་ལུགས་སྨན་རྫས་དང་བོད་སྨན་གྱི་དངོས་དཔེ་ཁང་ཆེ་ཤོས་གྲངས་འཛིན་ཅན་དུ་སྒྱུར་བཀོད་བྱས་པ།
ཉེ་ཆར། རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ཞིབ་དཔྱད་ཞིབ་འཇུག་ཁང་གིས་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཀྲུང་ལུགས་སྨན་རྫས་དང་བོད་སྨན་གྱི་དངོས་དཔེ་ཁང་གྲངས་འཛིན་ཅན་དུ་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། 1975ལོར་བསྐྲུན་པའི་དངོས་དཔེ་ཁང་དེས་གྲངས་འཛིན་རྩིས་གཞོང་དང་། 3Dདཔེ་སྟོན། བརྒྱུད་ལམ་སྣེ་མང་སྤེལ་རེས་སོགས་ཀྱི་ལག་རྩལ་ནང་འདྲེན་བྱས་ཏེ། དངོས་དཔེ་བསྡུ་ཉར་བྱེད་པ་ཁོ་ན་ནས“བསྡུ་ཉར་དང་། ཚན་ཞིབ། ཚན་རིག་ཁྱབ་གདལ། ལྟ་འདོམས”བཅས་ཟུང་དུ་འབྲེལ་བའི་བྱེད་ནུས་མང་བའི་ལས་སྟེགས་སུ་ཕྱོགས་སྒྱུར་བྱས་ཡོད།
སྒྱུར་བཀོད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་བསྟུན་ནས། རིམ་སྤོར་བྱས་རྗེས་ཀྱི་ཀྲུང་ལུགས་སྨན་རྫས་དང་བོད་སྨན་དངོས་དཔེ་ཁང་དེ་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེ་འགོ་ཚུགས་ཤིང་། སྒོ་ཕྱེ་བའི་དུས་ཚོད་ནི་གཟའ་མིག་དམར་དང་གཟའ་ཕུར་བུའི་སྔ་དྲོའི་ཆུ་ཚོད་10པ་ནས་12དང་ཕྱེད་ཀའི་བར་ཡིན་པ་རེད།
རིམ་སྤོར་བྱས་རྗེས་ཀྱི་ཀྲུང་ལུགས་སྨན་རྫས་དང་བོད་སྨན་དངོས་དཔེ་ཁང(གྲངས་འཛིན་ཅན་གྱི་དངོས་དཔེ་ཁང)གིས་གྲངས་འཛིན་དངོས་དཔེའི་མཛོད་དང་ཞིབ་དཔྱད་གཞི་གྲངས་མཉམ་འགུལ་ལ་བརྟེན་ཏེ། ལྟ་འདོམས་སྡེ་ཚན་གྱིས་སྨན་རྫས་ཀྱི་བདེན་རྫུན་དབྱེ་འབྱེད་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ནས། བོད་སྨན་གྱི་ཚད་ལྡན་བཟོ་བཅོས་དང་སྤུས་ཚད་ཚོད་འཛིན་ལ་གཞི་གྲངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་དང་ཆབས་ཅིག འགྲེམས་ཁང་གིས་བརྒྱུད་ལམ་སྣེ་མང་གི་བྱེད་ཐབས་ལ་བརྟེན་ནས་བོད་སྨན་གྱི་སྨན་ངོ་འབྱེད་པའི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། འཛད་སྤྱོད་པས་བདེ་འཇགས་ངང་སྨན་རྫས་སྤྱོད་པའི་འདུ་ཤེས་དང་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བར་རོགས་རམ་བྱས་ཏེ། སྨན་རྫས་ལ་ལྟ་འདོམས་དང་སྤྱི་དམངས་ལ་ཚན་རིག་ཁྱབ་གདལ་གཏོང་བར་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།