ཐོན་ལས་རིག་ལྡན་རིམ་སྤོར་བྱུང་། སྤུས་འབོར་གཉིས་ཀ་འཕེལ་ཞིང་རྒྱས།
——རང་ལྗོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་བཟོ་ལས་དཔལ་འབྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་སྟེ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ལོ་རེར་ཆ་སྙོམས་12%ཡན་འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། བཟོ་ལས་ཀྱི་འཕར་ཐང་གིས་GDPནང་བཟུང་བའི་བསྡུར་གྲངས་སྔོན་མའི་9.1%ནས་ད་ལྟ་16.6%བར་མཐོ་རུ་ཕྱིན་ཡོད། 2025ལོར་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་18.6%འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་12.4%འཕར་ཡོད། བཟོ་ལས་ཀྱི་འཕར་ཤུགས་མུ་མཐུད་ཆེ་རུ་ཕྱིན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
ཕྱོགས་སྒྱུར་རིམ་སྤོར་བྱུང་ནས་སྒུལ་ནུས་ཆེ་རུ་སོང་། བཟོ་ལས་དཔལ་འབྱོར་འཕེལ་ནས་གསོན་ཤུགས་རབ་ཏུ་རྒྱས།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་དུ་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུས“ཡུན་ཙམ”ཞིག་ལ་ནས་ཞིང་མུའུ་150ལ་ཞིང་སྨན་གཏོར་རྒྱུའི་ལས་འགན་ལེགས་པར་བསྒྲུབས་པ་དང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཚད་གཞི་མཐོ་བའི་ཞིང་ནང་དུ་འཕྲུལ་ཆས་ཅན་དང་ནུས་ཕྱོད་ཆེན་པོས་རྨོ་འདེབས་ཕྱོགས་ཡོངས་ནས་བྱས་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་གི་བོད་བྱའི་ཐོན་ལས་གླིང་དུ་རང་འགུལ་ཅན་གྱི་སྒྲིག་ཆས་ལ་བརྟེན་ནས་སྒོ་ང་ལེགས་འདེམས་དང་། ནད་འབུ་འགོག་གསོད། ཐུམ་སྒྲིལ་མྱུར་རྒྱག་སོགས་ཀྱི་སྲོལ་རྒྱུན་ཐོན་ལས་དང་གསར་གཏོད་ལག་རྩལ་མཉམ་འདྲེས་གཏིང་ཟབ་བྱུང་བ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་དེས་བོད་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་གཏོད་བཞིན་ཡོད།
མིག་སྔར་བོད་ཀྱིས་ནུས་རྒྱུ་གཙང་མ་དང་། ལྗང་མདོག་གཏེར་ལས། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་བཅས་གཙོ་བོར་བྱས་པ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་དང་། བོད་ལུགས་གསོ་རིག་དང་བོད་སྨན། མི་རིགས་ལག་ཤེས་བཟོ་རྩལ། རང་བྱུང་འཐུང་ཆུ་སོགས་འདེགས་སྐྱོར་དུ་བྱས་པ། ས་མཐོའི་ཐབ་ཆས་དང་ས་མཐོའི་སྒྲིག་ཆས་སོགས་ཁ་གསབ་ཏུ་བྱས་པ་བཅས་ཀྱི་ས་མཐོའི་ཁྱད་ལྡན་བཟོ་ལས་མ་ལག་ཅིག་བཙུགས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད།
ལྗང་མདོག་ཕྱོགས་སྒྱུར་གོམ་སྟབས་བརྟན་པོའི་སྒོ་ནས་སྤོས། ཐོན་ལས་སྐྱེ་ཁམས་རྨང་གཞི་མངོན་གསལ་དེ་བས་དོད།
བོད་ཀྱི་གཏེར་འདོན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་ཀྱི་གྲས་ཤིག་ཡིན་པའི་ཅུས་ལུང་ཟངས་ལས་ཀྱིས་ལྗང་མདོག་ཅན་དང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། གཏེར་རི་འཛུགས་སྐྲུན་བྱེད་སྐབས་གྱེན་ཟུར་ཉམས་གསོ་དང་སྤང་རྩྭ་སླར་གསོ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཏེར་ཁུལ་ལ“སྔོ་ལྗང་གྱོན་གོས”སྤྲས་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱིས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་17དང་། ལྗང་མདོག་བཟོ་ལས་གླིང་1 རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭ་48 ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ཁེ་ལས་3 ལྗང་མདོག་ཨར་ལས་རྒྱུ་ཆ་ཐོན་སྐྱེད་རྐང་འཛིན་ཁེ་ལས་6 ཆུ་གྲོན་ཆུང་རྣམ་པའི་ཁེ་ལས་13 ས་ཁུལ་དང་གྲོང་ཁྱེར་རིམ་པའི་ལྗང་མདོག་བཟོ་གྲྭ་53བཅས་བཙུགས་ཡོད། རང་སྐྱོང་ལྗོངས་རིམ་པའི་ལྗང་མདོག་བཟོ་གྲྭའི་གྲངས་འབོར་གྱིས་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ནང་20%ཡན་བཟུང་ནས། ལྗོངས་ཡོངས་ཀྱི་བཟོ་ལས་དེ་ཉིད་ལྗང་མདོག་བཟོ་སྐྲུན་ཕྱོགས་སུ་སྒྱུར་བར་གདེང་ཚོད་ཆེ་རུ་བཏང་ཡོད།
གཙོ་གནད་རྣམ་གྲངས་རྨང་གཞི་སྔར་བས་བརྟན་དུ་བཏང་། འཕེལ་རྒྱས་ཀྱི་གཏིང་ཤུགས་དང་སྙུགས་ཤེད་ཆེ་རུ་སོང་།
མ་འཇོག་ནི་བོད་ཀྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་རྒྱུ་དེ་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་འགག་རྩའི་དམ་འཛིན་བྱ་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཤིང་། རྨང་གཞིའི་སྒྲིག་བཀོད་དང་། སྤྱི་པའི་ཞབས་ཞུ། གཞི་རིམ་བཅོས་སྐྱོང་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱས་ཡོད། 2025ལོར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་17.2%འཕར་ཡོད།
གཞིས་རྩེ་གྲོང་ཁྱེར་གྱི་ས་སྐྱ་རྫོང་དང་བསམ་གྲུབ་རྩེ་ཆུས་ཁོངས་སུ་ཡོད་པའི་ལ་ལྷོ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱུང་ཞིང་། ཆུ་གཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.965ཟིན་པ་དང་། ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཀྲའོ་ཝ་42ཟིན་པ། ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་45.39ཟིན་པ་བཅས་ཀྱི་ལས་གྲྭ་དེས་གཞིས་རྩེའི་ཞིང་ལས་ཐོན་སྐྱེད་དང་། ཞིང་འབྲོག་པའི་འཚོ་བའི་འཐུང་ཆུ། འབྲོག་ལས་ཀྱི་སྤྱོད་ཆུ་བཅས་ལ་ཆུ་ཁུངས་འགན་ལེན་བྱས་པ་མ་ཟད། ད་དུང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།