དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདུམ་འགྲིག་ལས་འགན་ཧུར་ཐག་སྒྲུབ། དམངས་ཀྱི་རྩོད་གཞི་སེལ་ལ་འབད།

    ——ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་གི“གྲོང་དཔོན་རྒན་གྲས”འདུམ་འགྲིག་ཁང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-19

    “འདུམ་འགྲིག་བྱེད་པ་ནི་འགལ་བ་སེལ་ཆེད་དང་དམངས་སེམས་བདེ་ལ་འཁོད་ཆེད་ཡིན”ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་གི“གྲོང་དཔོན་རྒན་གྲས”འདུམ་འགྲིག་ཁང་གི་ཆེད་བསྐོས་འདུམ་འགྲིག་པ་དགེ་བཤེས་དགེ་འཕེལ་གྱིས“ང་ཚོ་སྐྱེས་ས་དང་འཚར་ས་ནི་འབྲོག་ཁུལ་ཡིན་པས། ཡུལ་མི་ཚོའི་དཀའ་ངལ་ལ་རྒྱུས་མངའ་ཆེན་པོ་ཡོད། ཚང་མ་མཐུན་སྒྲིལ་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་བྱུང་ན་དཀའ་ལས་ཇི་ཙམ་བརྒྱབ་ཀྱང་རྒྱག་རིན་འདུག”ཅེས་བརྗོད།

    ཉེ་ཆར་རྩྭ་རའི་རྩོད་གཞི་ཞིག་འདུམ་འགྲིག་བྱེད་སྐབས། ན་གཞོན་འདུམ་འགྲིག་པ་ཚོས་འཐབ་ས་དང་པོར་བསྐྱོད་དེ། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྲིད་ཇུས་དྲིལ་བསྒྲགས་དང་། ཁྲིམས་ལུགས་འགྲེལ་བཤད་བརྒྱབ་མཐར་ཕྱོགས་གཉིས་པོ་འཆམ་ཐུབ་པ་བྱུང་ཡོད།

    “གྲོང་ཚོ་གཉིས་དབར་རྩྭ་རའི་དོན་དུ་རྩོད་པ་ཤོར་ཚེ།‘གྲོང་དཔོན་རྒན་གྲས’འདུམ་འགྲིག་ཁང་དུ་ཡོང་ནས་འདུམ་འགྲིག་བྱེད་རོགས་ཞུ་གི་ཡོད། འདུམ་འགྲིག་པ་ཚོས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། ཁྲིམས་ལྟར་གནད་དོན་ཐག་གཅོད་བྱས་པར་བརྟེན་ང་ཚོ་ཚང་མ་བློ་ཡིད་ཚིམ་པོ་འདུག”ཅེས་རྒྱལ་ཆེན་ཤང་སྲིབ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་མཚོའི་སྐད་ཆ་དེ་དག་ལས་མང་ཚོགས་ཚོས་ཁོང་ཚོའི་ལས་ཀར་གདེང་འཇོག་གང་ལེགས་བྱེད་པ་ཤེས་ཐུབ།

    བོད་བྱང་ཐང་དུ་རྒྱལ་ཆེན་ཤང་གི“གྲོང་དཔོན་རྒན་གྲས”ཀྱི་འདུམ་འགྲིག་ཁང་གི་སྐོར་གླེང་སྐབས། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཚོས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཅིང་། 2020ལོར“གྲོང་དཔོན་རྒན་གྲས”ཀྱི་འདུམ་འགྲིག་ཁང་བཙུགས་ཚུན། འདུམ་འགྲིག་ཁང་དེས་འགལ་ཟླ་སེལ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་རང་ཉིད་ཀྱི་འགན་འཁྲིར་བརྩིས་པས་ཏང་སེམས་དང་དམངས་སེམས་ཀྱི“སྦྲེལ་ཟམ”དང་གཞི་རིམ་གྱི་ཞི་མཐུན་སྲུང་སྐྱོང་བྱེད་ཐབས་ལ་གྱུར་ཏེ། ས་མཐོའི་ས་གཞི་ཆེ་མོར་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གསོན་ཉམས་དོད་པོས་ལག་བསྟར་ཐུབ་ཡོད།

    ཤུལ་འཛིན་པ་གསོ་སྐྱོང་ཡག་པོ་བྱ་ཆེད། ཉེ་བའི་ལོ་ཤས་རིང་རྒྱལ་ཆེན་ཤང་ཏང་ཨུད་དང་སྲིད་གཞུང་གིས་བརྒྱུད་རོགས་ཁྲིད་གསུམ་གྱི་ལས་ཀའི་ལམ་སྲོལ་ཧུར་ཐག་བཏོད་དེ་རིག་གནས་ཡོད་པ་དང་། བཅའ་ཁྲིམས་ཤེས་པ། སྤྲོ་སྣང་ལྡན་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ན་གཞོན་ཏང་ཡོན་ལས་བྱེད་པ་ཁག་གཅིག་འདུམ་འགྲིག་དཔུང་ཁག་ནང་བསྡུས་ནས་གཞི་རིམ་གྱི་འདུམ་འགྲིག་སྟོབས་ཤུགས་ཆེད་ལས་ཅན་དང་། ན་གཞོན་ཅན། རྒྱུན་མཐུད་འཕེལ་རྒྱས་ཆོག་པ་བཅས་ལ་སྐུལ་འདེད་བཏང་སྟེ་མི་དམངས་ལ་ཞབས་འདེགས་ཞུ་བའི་རྒྱུག་མཐུད་དབྱུག་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་བྱས་ཡོད།

    2021ལོར་ལས་དོན་སྤེལ་འགོ་བཙུགས་ཚུན། འདུམ་འགྲིག་ཁང་གིས་ཐོག་མཐའ་བར་གསུམ་དུ་གཞུང་དྲང་དྲང་བདེན་གྱི་ཚད་གཞི་བརྟན་སྲུང་བྱས་ནས་ལས་སྒོ་བྱང་ཆུབ་པའི་ན་གཞོན་འདུམ་འགྲིག་པ་3གསོ་སྐྱོང་བྱས་ཤིང་། སོག་རྫོང་རྒྱལ་ཆེན་ཤང་གི་ཤང་ཀྲང་གཞོན་པ་དང“གྲོང་དཔོན་རྒན་གྲས”འདུམ་འགྲིག་ཁང་གི་འགན་འཁུར་བ་དབྱངས་དགའ་ཡིས། འདུམ་འགྲིག་པ་རྒན་གྲས་ཤིག་ཡིན་པའི་ངས་ལོ་མང་རིང་བསགས་པའི་ལས་ཀའི་ཉམས་མྱོང་དང་བྱེད་ཐབས་བརྒྱུད་སྤྲོད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ན་གཞོན་དཔུང་ཁག་མགྱོགས་མྱུར་འཚར་ལོངས་ཡོང་བ་བྱེད་ཀྱི་ཡོད། སླད་ཕྱིན་མུ་མཐུད་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱས་ཏེ་ཚོགས་པའི་སྣེ་ཁྲིད་ནས་གཞི་རིམ་གྱི་འདུམ་འགྲིག་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་ཀྱི་ཡིན་ཞེས་བཤད།

    འདུམ་འགྲིག་བྱ་བ་ནི་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་ཙམ་ཞིག་མིན་པར། ད་དུང་ཁྲིམས་ལུགས་ཁྱབ་གདལ་གཏོང་དགོས་ཀྱི་ཡོད། འདུམ་འགྲིག་བྱེད་སྐབས་ཁོང་ཚོས་འགལ་ཟླ་འདུམ་འགྲིག་དང་ཁྲིམས་སྐྱོང་དྲིལ་བསྒྲགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་ཇ་ཁང་དང་འབྲོག་དུད་དུ་བསྐྱོད་དེ་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་རྒྱག་པ་དང་། མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང་། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་། དམངས་ཕན་འབྲོག་ཕན་སོགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་སྟེ་ཏང་གི་གསུང་སྒྲ་དང་ཁྲིམས་སྐྱོང་གི་འདུ་ཤེས་འབྲོག་ཁུལ་དུ་དྲིལ་བསྒྲགས་དང་མི་སེམས་ལ་འཇགས་པར་བྱེད་ཀྱི་ཡོད།

    གྲངས་གཞིས་ཕན་འབྲས་ལ་བདེན་དཔང་བྱེད། ད་བར“གྲོང་དཔོན་རྒན་གྲས”འདུམ་འགྲིག་ཁང་གིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་200ལྷག་ཙམ་བསལ་བ་དང་འདུམ་འགྲིག་ཐུབ་ཚད་99%ལྷག་ཙམ་ཟིན་ཏེ་ཏན་ཏིག་གི་ལས་ཕྱོད་ལ་བརྟེན་ནས་གཞི་རིམ་གྱི་ཞི་མཐུན་བརྟན་ལྷིང་གི“འགོག་སྲུང་འཛིང་རགས”བརྟན་པོ་བསྐྲུན་པར་བརྟེན་རང་སྐྱོང་ལྗོངས་རིམ་པའི“གསེར་གྱི་རྟགས་མའི་འདུམ་འགྲིག་ཁང”གི་མཚན་སྙན་ཐོབ་ཡོད།

    “གྲོང་དཔོན་རྒན་གྲས”འདུམ་འགྲིག་ཁང་གིས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་དངོས་སྒྲུབ་ལ་བརྟེན་ནས་དུས་བདེ་སྲུང་སྐྱོང་བྱས་པར་བརྟེན། བོད་བྱང་ཐང་གི་གཞི་རིམ་བཅོས་སྐྱོང་གི་མིག་དཔེར་གྱུར་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་གཞི་རིམ་གྱི་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།