ཤེས་དཔལ་སྲོལ་གསར་དར་བའི་གཏམ་རྒྱུད་སྙན།
——ལྷོ་ཁ་གྲོང་ཁྱེར་གྱིས་སྐྱོན་བྲལ་དང་བདེ་སྐྱིད་ཀྱི་སྲོལ་གསར་སྐྱེད་སྲིང་བྱས་པའི་ལས་དོན་གྱི་དངོས་བྲིས།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ་སྐྱོད་སྐབས། ཇ་བསྲུབས་མ་དང་དཔེ་དེབ་ཀྱི་དྲི་ཞིམ་ལྷང་ལྷང་དུ་འཐུལ་འོང་།
ཞོལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་བཙུགས་པའི་ཏང་དམངས་ཀྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་ས་ཚིགས་ཀྱི་ཚོམས་ཆེན་དུ་བགྲེས་སོང་འགའ་ཞིག་བོད་བཟོའི་ཅོག་ཙེའི་མཐའ་འཁོར་དུ་བསྡད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ་དང་། ལུས་སྦྱོང་ཁུལ་དུ་གཞོན་ནུ་ཚོས་ཕིང་ཕང་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་འདུག དེའི་འཁྲིས་ཀྱི་ལྟ་ཀློག་ཁུལ་དུ་སློབ་ཆུང་སློབ་མ་གཉིས་མགོ་བོ་བསྒུར་ནས་སྦྱོང་ཚན་འབྲི་བཞིན་ཡོད་པ་དང་མཚམས་རེ་མ་ཤེས་པ་འཕྲད་སྐབས་དགུན་གསེང་བཞག་པའི་སློབ་ཆེན་དང་བླངས་པས་ཁོང་ཚོའི་འཁྲིས་སུ་ཡོང་ནས་ངང་རྒྱུད་རིང་པོས་དོགས་གཞི་གསལ་འགྲེལ་བྱེད་ཀྱི་འདུག
རྣམ་པ་དེ་ནི་ལྷོ་ཁ་གྲོང་ཁྱེར་གྱིས“ཤེས་དཔལ་ཡར་ཐོན་གྱི་སྲོལ་གསར་སྐྱེད་སྲིང་བྱས་ནས་སྐྱོན་བྲལ་གྱི་འཚོ་བ་སྐྱིད་པོར་གཅེས་འཛིན་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་གཞི་རིམ་དང་གྲོང་གསེབ་ཏུ་སྤེལ་བའི་གསོན་ཉམས་ལྡན་པའི་ལག་ལེན་གྱི་བསྡུས་རིས་ཤིག་རེད།
ཉེ་བའི་ལོ་ཤས་རིང་ལྷོ་ཁ་གྲོང་ཁྱེར་གྱིས་བྱ་ཐབས་གསར་གཏོད་བྱས་ཏེ། ཕན་འབྲས་དངོས་ལ་མཐོང་ཆེན་གྱིས“‘གསོ་སྐྱོང’ལ་བརྟེན་ནས་མི་སྣ་སྐྱོང་བ་དང‘ཕན་འབྲས་དངོས’ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ”མཐའ་འཁྱོངས་བྱས་ཏེ་ཡ་རབས་ཀྱི་འདུ་ཤེས་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་རྣམ་པ་དུད་ཚང་ཁྲི་སྟོང་མང་པོ་ལས་རིམ་བཞིན་མངོན་ཐུབ་པར་བྱས་ཡོད།
ཞོལ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུ་ཧྲུའུ་ཅི་ཕུར་བུ་ཚེ་རིང་གིས་ཏང་དམངས་ཀྱི་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་ས་ཚིགས་ལ་མཛུབ་མོ་བཙུགས་་ནས་གསར་འགོད་པར་ས་ཚིགས་འཛུགས་པའི་བསམ་ཕྱོགས་ངོ་སྤྲོད་བྱས་ཤིང་། ཁོང་གིས“ང་ཚོས་གཞུང་དོན་སྒྲུབ་ས་ཆུང་དུ་གཏོང་གང་ཐུབ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་གང་ཐུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཁྱེད་རང་གཟིགས་དང་། ཚོམས་ཆེན་ཆེན་པོ་འདི་འདྲའི་ནང་ང་ཚོ་ལས་བྱེད་པའི་གཞུང་དོན་སྒྲུབ་ས་ཆུང་ཆུང་ཞིག་ལས་མེད། དེ་བྱིངས་ཚང་མ་མང་ཚོགས་ལ་བཞག་ཡོད”ཅེས་བཤད།
ཕུར་བུ་ཚེ་རིང་གིས“དེ་སྔ་མང་ཚོགས་དོན་དག་གཅོད་པར་ཡོང་སྐབས་ལས་སྒྲོམ་ཆེན་པོ་ཞིག་གིས་བར་བཅད་ཡོད་པས། སེམས་ཐག་རིང་བའི་སྣང་བ་འོང་གི་ཡོད། ད་ཆ་ཚང་མ་མཉམ་དུ་བསྡད་དེ་ཇ་འཐུང་ཞོར་ཕན་ཚུན་གླེང་མོལ་བྱས་ནས་དོན་དག་གཅོད་ཀྱི་ཡོད་པས་སེམས་ཐག་ཀྱང་ཉེ་རུ་ཕྱིན་ཡོད”ཅེས་བཤད།
དུད་ཚང་182དང་མི་གྲངས་680ཙམ་ཡོད་པའི་གྲོང་ཚོ་དེའི་2025ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་18ཙམ་ཟིན་ཡོད། ཞོལ་གྲོང་ཚོའི་ཏང་ཡོན་ལས་བྱེད་པས་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་བཟང་དེ་དངོས་དངོས་རྗེན་རྗེན་གྱི་དམངས་འཚོའི་བདེ་རྩར་བསྒྱུར་ཏེ་ཡུལ་མིར་གཅིག་གྱུར་ཐོག་རྫས་ལུད་ཉོས་པ་དང་ལོ་60ཡན་གྱི་རྒན་རྒོན་ལ་མཉམ་དུ་སྐྱེས་སྐར་གཏོང་གི་ཡོད།
ས་ཚིགས་ཀྱི་ཟུར་ཞིག་ན“དུད་ཚང་རེར་ཡིག་ཚགས་རེའི”དཔྱད་གཞིའི་སྒམ་གྲལ་འགྲིག་པོས་བསྒྲིགས་ཡོད་པའི་ནང་དུད་ཚང་མི་རེ་ངོ་རེའི་ཡུལ་མིའི་གཞི་རྩའི་ཆ་འཕྲིན་གྱི་བསྐྱར་དཔར་རྣམས་བཅུག་ཡོད། “ཡུལ་མི་ཚོར་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་གཉེར་སྐབས་ང་ཚོས་ཐད་ཀར་བསྐྱར་དཔར་རྣམས་བླངས་ཏེ་ཁོང་ཚོ་ཕར་རྒྱུག་ཚུར་རྒྱུག་ཉུང་ཙམ་དང་ཐ་ན་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་བྱེད་ཀྱི་ཡོད”ཅེས་ཞོལ་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་ལས་བྱེད་པ་ཚེ་དབང་རིག་འཛིན་གྱིས་བཤད།
ཞོལ་གྲོང་ཚོ་དང་བར་ཐག་སྤྱི་ལེ་20ཡོད་པའི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་མཚོ་རྒྱལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ“ཚན་རྩལ་གྱི་རྣམ་པ”དང“མི་ཆོས་རིག་གནས་ཀྱི་དྲོ་སྐྱིད”གཞན་ཞིག་འཕྱུར་བཞིན་ཡོད།
མཚོ་རྒྱལ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་བཏོད་པའི་རིག་ནུས་ཁྱིམ་སྡོད་ཞབས་ཞུའི་ས་ཚིགས་སུ་སྐྱོད་སྐབས་བདེ་ཐང་གཞི་གཅིག་འཕྲུལ་ཆས་དང་། གསོ་རླུང་བཟོ་འཁོར། འཕུར་མཉེད་རྐུབ་སྟེགས་སོགས་སྒྲིག་ཆས་ཆ་ཚང་ཡོད་པ་དང་ལོ་74ལ་སླེབས་པའི་བགྲེས་སོང་པད་མ་ལྷ་འཛོམས་ཀྱིས་མཛུབ་མོ་ཁྲག་དབྱང་འཇལ་ཆས་ནང་བཅུག་ནས་བརྟག་དཔྱད་བྱེད་བཞིན་མཆིས། ཁོང་གིས“མདང་དགོང་ཁ་ལག་ཟས་དྲགས་ནས་ཕོ་བ་བདེ་པོ་རང་མི་འདུག དེ་རིང་ཆེད་མངགས་ཁྲག་དབྱང་འཇལ་བར་ཡོང་བ་ཡིན། འདིར་དངོས་འབྲེལ་སྟབས་བདེ་པོ་འདུག དུས་རྒྱུན་ལས་ཀ་མེད་དུས་འཕུར་མཉེད་གཏོང་བའམ་ཡང་ན་ཁ་བརྡ་གློད་ཞོར་ལས་བྱེད་པ་ཚོས་ཏང་གི་སྲིད་ཇུས་བཟང་པོ་ཤོད་རྒྱུར་ཉན་པར་ཡོང་གི་ཡོད”ཅེས་འཛུམ་དམུལ་དམུལ་ངང་བཤད།
རིག་ནུས་ཁྱིམ་སྡོད་ཞབས་ཞུའི་ས་ཚིགས་དེ་ལུས་གསོ་དང་། རིག་གནས་དར་སྤེལ། ཚད་ལྡན་འཚོ་བཅུད་བསྟེན་པ། སེམས་ཁམས་གསོ་བ་བཅས་ས་ཁོངས་བཞིར་ཕྱེ་ཡོད། མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་ནི“བདེ་ཐང་དོ་དམ་གྲངས་གཞིའི་ལས་སྟེགས་ཆེན་པོ”དེ་ཡིན་པ་དང་གྲོང་ཚོ་ཡོངས་ཀྱི་རྒན་རྒོན་གྱི་བདེ་ཐང་ཡིག་ཚགས་དྲ་ཐོག་ཏུ་བཅུག་ནས་སྒུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། གྲོང་ཚོའི་སྨན་པ་ནོར་སྒྲོན་དང་བཀྲ་ཤིས་སྒྲོལ་མས་གཟའ་འཁོར་རེའི་རེས་གཟའ་མིག་དམར་ལ་ད་དུང་གྲོང་མིར་གཅིག་སྡུད་ཐོག་གཟུགས་པོར་བརྟག་དཔྱད་བྱས་ཏེ་གྲངས་གཞི་དུས་ཐོག་ཏུ་བརྗེ་ཡི་ཡོད།
ཞོལ་གྲོང་ཚོའི“དྲོ་སྐྱིད་ལྡན་པའི་ས་ཚིགས”ནས་མཚོ་རྒྱལ་གྲོང་ཚོའི“རིག་ནུས་ས་ཚིགས”བར་གྱི་རྣམ་པ་མི་འདྲ་རུང་ནང་དོན་སྤྱིར་ན་གཅིག་པ་ཡིན་ཞིང་། མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ནས་ཞབས་ཞུ་ཏན་ཏིག་དང་། ཞིབ་ཚགས། ཧུར་ཐག་བཅས་བསྒྲུབས་ཏེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གནས་ཡུལ་དེ་མང་ཚོགས་གཅིག་སྒྲིལ་དང་། མང་ཚོགས་ལ་ཞབས་ཞུ། མང་ཚོགས་སྣེ་ཁྲིད་བཅས་བྱེད་པའི“བསམ་པའི་ཁྱིམ་གཞིས”དང“བདེ་སྐྱིད་ཀྱི་ཁྱིམ་གཞིས”སུ་དངོས་འབྲེལ་འགྱུར་བ་བྱས་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་མཛུབ་ཁྲིད་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་གཡང་གིས། ཤེས་དཔལ་ལག་ལེན་གྱིས་ཐོག་མཐའ་བར་གསུམ་དུ་དོན་དངོས་དང་ཟུང་འབྲེལ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་སྐབས་འཕྲལ་དང་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱས་ཡོད། “གཙོ་བོ་དེ་མང་ཚོགས་ཚོས་ཤེས་དཔལ་ཡར་ཐོན་ལས་བྱུང་བའི་ཕན་པ་མཐོང་རེག་མྱོང་གསུམ་་ཐུབ་པ་བྱས་ཏེ་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་གྱིས་རང་རྟོགས་ངང་བདེ་ཐང་ལ་བརྩི་མཐོང་དང་བདེ་སྐྱིད་དོན་གཉེར་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད།
ཤེས་དཔལ་གྱི་སྲོལ་གསར་དེ་ས་མཐོའི་ཉི་འོད་དང་འདྲ་བར་གངས་ལྗོངས་ཀྱི་གྲོང་གསེབ་གང་སར་འཕྲོས་ནས་དེ་བས་སྐྱོན་བྲལ་དང་། ཡར་ཐོན། བདེ་སྐྱིད་བཅས་ཀྱི་འཚོ་བ་གསར་རྐྱང་ཞིག་སྐྱེལ་བཞིན་མཆིས། བདེ་སྐྱིད་ལྡན་པའི་འཚོ་བ་དེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་ཚོ་དང་མང་ཚོགས་ཀྱི་བག་ཕེབས་ཀྱི་འཛུམ་མདངས་ཁྲོད་ནས་མངོན་ཐུབ།
འབྲེལ་ཡོད་གསར་འགྱུར།