དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་གྱི་2026ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པ།

    རྣམ་གྲངས་1036ལག་བསྟར་བྱ་རྩིས་ཡོད་པར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1731.5ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-19

    ཚེས་16ཉིན། ལྷ་ས་གྲོང་ཁྱེར་གྱིས་2026ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་འཚོགས་པ་རེད།

    2026ལོར་ལྷ་ས་གྲོང་ཁྱེར་གྱིས་རྣམ་གྲངས་1036ལག་ལེན་བསྟར་རྩིས་ཡོད་པར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་1731.5ཟིན་གྱི་ཡོད་པ་རེད། དེའི་ནང་གཙོ་གནད་རྣམ་གྲངས་60ཡོད་པར་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་218.6གཏོང་རྩིས་ཡོད་པ་དང་། ཁྱབ་རྒྱ་ཆེ་བ་དང་སྐུལ་ཁྲིད་ནུས་པ་ཆེ་བ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་འདེགས་སྐྱོར་ཞིག་རེད།

    ད་ཐེངས་ལས་འགོ་བསྐྱར་འཛུགས་གཙོ་གནད་རྣམ་གྲངས་ཀྱི་མཚོན་བྱེད་ཡིན་པའི་ཀྲུང་གོ་གློག་འཕྲིན(བོད་ལྗོངས)ལྟེ་གནས་གཉིས་པ་དང་ལྗང་མདོག་རིག་རྩིས་ལྟེ་གནས་ཀྱི་རྣམ་གྲངས་ཟླ་3ཚེས་10ཉིན་ལས་འགོ་ཚུགས་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.38བཏང་བ་དང་ལོ་འཁོར་མོར་མ་དངུལ་སྒོར་ཁྲི་8300གཏོང་རྩིས་ཡོད་པ་རེད། རྣམ་གྲངས་དེ་བསྐྲུན་པ་ལས་ལྷ་སར་གསོག་རྩིས་གཞི་གཅིག་ཅན་གྱིས་ས་གནས་དེ་གའི་རིག་གནས་ཡུལ་སྐོར་དང་ཞིང་འབྲོག་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་མཐུན་རྐྱེན་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ས་བབ་ཀྱི་ལེགས་ཆར་བརྟེན་ནས་རྒྱལ་མཚམས་སྒྲོལ་བའི་གྲངས་གཞིའི་བགྲོད་ལམ་གཏོད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲངས་འཛིན་སྦྲེལ་མཐུད་ལ་ཞབས་འདེགས་ཞུ་བ། མཐའ་མཚམས་ཀྱི་གྲངས་འཛིན་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྷ་ས་འདི་ཉིད་ལྷོ་ནུབ་དང་ཐ་ན་ཨེ་ཤེ་ཡ་ལྷོ་མའི་གྲངས་འཛིན་དཔལ་འབྱོར་གྱི་ཟམ་སྣེའི་བཙན་རྫོང་ལྟ་བུར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།