སྒོར་དུང་ཕྱུར་3000ལས་བརྒལ་བ། བོད་ཀྱིས“ལོ་ལྔའི་རྒྱུགས་ལན”ཡག་པོ་ཕུལ་བ།
● རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱེད་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལས་བརྒལ་བ།
● འདི་ནི་2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་རྗེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད།
● 2025ལོར། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7.0%འཕར་བ།
● གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་12.4%འཕར་བ།
● གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་17.2%འཕར་བ།
● འདས་ཟིན་པའི་ལོ་འགར་ཕྱིར་མིག་ལྟ་སྐབས། བོད་ཀྱི་དཔལ་འབྱོར་གྱི་འགག་རྩའི་དམིགས་ཚད་མང་པོའི་འཕར་ཚད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

འདི་ནི་བོད་ལྗོངས་ཧྲང་ཁྲུའུ་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་པས་ལས་ཀ་བྱེད་བཞིན་པ། (དཔྱད་གཞིའི་པར་རིས)
རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་བྱེད་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལས་བརྒལ་ཞིང་། འདི་ནི་2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2000ལས་བརྒལ་རྗེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་རེད།
ལོ་ལྔའི་རིང་། དུས་རབས་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་དང་འཐབ་ཇུས་ཀྱི་གོ་སྐབས་མདུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། བོད་འདི་ཉིད་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས་ཡོད།
ལེགས་ཆ་འདོན་སྤེལ་བྱས་ནས་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་འགྲིལ་བ།
བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ཡོད་པ་དང་། ཚང་མ་དོན་དངོས་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པས། དང་ཐོག་རང་ཉིད་ཀྱི་ལེགས་ཆ་དང་ཁྱད་ཆོས་གང་དུ་ཡོད་པ་གསལ་པོ་ཤེས་པར་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་ནི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ་དང་། རྒྱལ་ཁབ་ཀྱིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་སོགས་ཀྱི་འཐབ་ཇུས་གལ་ཆེན་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་ལས་གྲྭ་དང་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དེ་དག་ནི་གོ་སྐབས་ཆེ་ཤོས་ཡིན་པ། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རོགས་སྐྱོར་ནི་འཕེལ་རྒྱས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱེད་པ་ནི་གདེང་ཚོད་ཆེ་ཤོས་དང་བརྟེན་ས་ཆེ་ཤོས་ཡིན་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད།
ལེགས་ཆ་འདོན་སྤེལ་བྱས་ན་གཞི་ནས་རང་འགུལ་ཐོབ་པ་དང་ལེགས་ཆ་གསོག་འཇོག་བྱས་ན་གཞི་ནས་འབྱུང་འགྱུར་གཏོད་ཐུབ།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱིས“དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་བརྟན་པོ་བྱས་ཏེ། དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་འགག་སྒྲོལ་གྱི་ཐབས་ལམ་དུ་བརྩིས་ནས། ཐོན་ལས་རིམ་སྤོར་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་གནད་འཁེལ་ཇུས་བསྟར་བྱས་ཏེ། ལེགས་ཆ་སྐུལ་སྤེལ་དང་། མི་མངོན་པའི་སྟོབས་ཤུགས་འདོན་སྤེལ། གོ་སྐབས་དམ་འཛིན་བཅས་ཐུབ་པར་བརྩོན་ལེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད།
—— “ཁ་ཕྱོགས་ཆེན་པོར”དམིགས་ཤིང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། མཐོ་གསར་གྲངས་འཛིན། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ། བོད་ལུགས་གསོ་རིག མཐའ་མཚམས་ཚོང་དོན་ཟོག་འགྲུལ། ཀུན་སྤྱོད་མཁའ་འགྲུལ་བཅས་ཐོན་ལས་ཆེན་པོ་དགུ་འཕེལ་རྒྱས་བཏང་ཡོད།
—— “རྨང་གཞིའི་སྒྲིག་བཀོད”བརྟན་དུ་བཏང་ཞིང་། མ་དངུལ་གཏོང་ཚད་རྒྱུན་མཐུད་ཆེ་རུ་བཏང་བ་དང་། གློག་དྲ་གཙོ་བོ་རྫོང་དང་ཆུས་74དང་ཤང་དང་གྲོང་རྡལ་660ལ་ཁྱབ་པ། གཞུང་ལམ་ཤར་གཏོང་གི་སྤྱིའི་ལམ་ཚད་སྔོན་དཔག་བྱས་ན་སྤྱི་ལེ་ཁྲི་12.52ཟིན་རྒྱུ་ཡིན་པ། སྲིད་འཛིན་གྲོང་ཚོའི་འོད་སྐུད་དྲ་ཆེན་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་ཆ་སྙོམས་100%བར་མཐོ་རུ་ཕྱིན་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་སོང་ཡོད།
—— “ལག་རྩལ་གྱི་འདེགས་སྐྱོར”བྱེད་ཤུགས་ཆེ་རུ་བཏང་ཞིང་། དཔལ་འབྱོར་བརྟན་པོ་ཡོང་བའི“བྱ་ཐབས་38”དང“བྱ་ཐབས་29”དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི“བྱ་ཐབས་21”བཏོན་པ་དང་། ས་ཁོངས་དེ་བས་མང་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ཐོག“ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་ཐུབ་པར”སྐུལ་འདེད་བཏང་བ། ཚོང་འགུག་མ་འདྲེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁེ་ལས་ཞུགས་པའི་ཡིད་དབང་བཀུག་ཡོད།
—— “འགན་སྲུང་ཆེན་པོ”མཁོ་འདོན་བྱས་ཤིང་། ལོ་ལྔ་བསྟུད་མར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། “ཟླ་ རེར་བཀོད་གཏོང་རེ་དང་། དུས་ཚིགས་རེར་བསྐྱར་ཞིབ་རེ། ལོ་ཕྱེད་ལ་དབྱེ་ཞིབ་རེ། ལོ་མཇུག་ལ་ཕྱོགས་སྡོམ་རེ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། སྤྱོད་ཚུལ་འགྱུར་ལྡོག་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བཀག་རྒྱ་བསལ་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། 2021ལོར་བོད་ཀྱི་GDPསྒོར་དུང་ཕྱུར་2000གི་སྐས་རིམ་དུ་སླེབས་པ་དང་། 2022ལོར་ཧ་ཅང་ཛ་དྲག་གི་དུས་བབ་འོག་སྔར་བཞིན་1.1%འཕར་ནས་སྒོར་དུང་ཕྱུར་2132.64ཟིན་ཡོད། དེ་རྗེས་ཀྱི་ལོ་3ནང་GDPའཕར་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད།
ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་གྱི་སྒུལ་ནུས་འཕར་བ།
2025ལོར་ལྗོངས་ཡོངས་སུ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3031.89ཟིན་པ་དེ་དུས་མཚུངས་ལས་7.0%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་12.4%འཕར་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་17.2%འཕར་ཡོད།
རང་ལྗོངས་ནི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་དང་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁོངས་ཀྱི་གྲས་ཤིག་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དག་བོད་འཕེལ་རྒྱས་གཏོང་བའི་ལེགས་ཆར་གྱུར་ཡོད།
སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི”གཙོ་རྐང་གཏན་འཁེལ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བ་དང་། “ཐོན་ལས་ཆེ་གྲས་དགུ”གཙོ་གནད་ཐོག་སྐྱེད་སྲིང་བྱེད་པའི་ཀ་རྟེན་ཐོན་ལས་སུ་བརྩིས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཚན་རྩལ་གྱི་མཐུན་རྐྱེན་སྦྱོར་བ་དེ་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཐོག ཐོན་ལས་ཁག་རྩེར་སོན་ཅན་དང་། ལྗང་མདོག་ཅན། རིག་ནུས་ཅན་བཅས་ལ་གཞན་སྒྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་གིས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུར་བརྟེན་ནས“ཇ་བསྲུབས་མ་ཇ་དམ་གང་འཐུང་བའི་དུས་ཡུན”ནང་མུའུ་150ཡོད་པའི་ནས་ཞིང་གི་རྩྭ་ངན་སེལ་བའི་སྨན་ཆུ་གཏོར་ནས་ས་མཐོའི་ཞིང་འབྲོག་ལས་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་བ་དང་། བདུད་རྩི་རྟགས་ཅན་ཚན་རྩལ་གྱིས“སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་ཚེར་སྔོན་མི་ཐབས་ལ་བརྟེན་ནས་གསོ་སྤེལ་བྱེད་པའི”རྣམ་གྲངས་ཀྱི་གྲུབ་འབྲས་ལ་བརྟེན་ནས། སྟོངས་ལ་ཉེ་བའི་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་ལག་རྩལ་གྱི་ཚན་རྩལ་གསར་གཏོད་དེ་ཞིང་འབྲོག་པའི་འབབ་འཕར་དང་ཐད་ཀར་འབྲེལ་མཐུད་བྱས་པ་དང་། ཚན་རྩལ་གྱི་གྲུབ་འབྲས་ཚོད་ལྟ་ཁང་ནས་ཐོན་ཏེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་གྱུར་ཡོད།
ཏ་ཐང་དཔའ་ཤོད་རླུང་གློག་ར་བས་ལོར་ཆ་སྙོམས་ནུས་རྒྱུ་གཙང་མའི་གློག་ཏུའུ་ཁྲི་1600ལྷག་གཏོང་ཐུབ་པ་དང་། མི་ཁྲི་23ཙམ་གྱི་ལོ་ཧྲིལ་པོའི་འཚོ་བའི་གློག་སྤྱོད་དགོས་མཁོ་སྐོང་ཐུབ་ནས་ས་གནས་དེ་གའི“གློག་སྤྱོད་དཀའ་བའི”ལོ་རྒྱུས་རྦད་དེ་མཇུག་འགྲིལ་ཡོད། གཏེར་ཆུ་ཐོན་སྐྱེད་འཁོར་ཁང་དུ་དྭངས་གསིང་འབྱེད་པ་དང་། ཆུ་བླུགས་པ། ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་རིམ་མང་པོ་བརྒྱུད་དེ་སྤུས་ལེགས་ཀྱི“ཆུ་བཟང”ལ་གྱུར་ཡོད། G219ལམ་རྒྱུད་ནས་མཐའ་མཚམས་གྲོང་ཚོར་ཡུལ་སྐོར་བྱེད་པ་ནས་G349ལམ་རྒྱུད་ནས་ཁྱད་ལྡན་རིག་གནས་མྱོང་རོལ་ཐུབ་པའི་བར། ཡུལ་སྐོར་བ་དེ་བས་མང་བས་རླངས་འཁོར་གླས་པའམ་ཡང་ན་སྒེར་འཁོར་བཏང་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་འཚོ་བར་ཉམས་ལེན་སོགས་བྱེད་ཀྱི་ཡོད།
ཐོན་ལས་དར་རྒྱས་ཕྱིན་པ་དེས་བོད་ཀྱི་སྲོལ་རྒྱུན་དང་ཁེར་རྐྱང་གི་དཔལ་འབྱོར་གྲུབ་ཆ་མེད་པར་བཟོས་ནས“ཐོན་ཁུངས་དང་། ལས་སྣོན། ཁྲོམ་ར་བཅས་ཟུང་དུ་འབྲེལ་བའི”འཁོར་འབྲེལ་ཆ་ཚང་ཞིག་ཆགས་ཏེ་རང་ངོས་འཕེལ་རྒྱས་ལ་རྒྱུན་མཐུད་འདེགས་སྐྱོར་ཐུབ་ཡོད།
དམངས་སེམས་དང་ཐད་ཀར་འབྲེལ་ནས་འཕེལ་རྒྱས་ཀྱི་དྲོ་སྐྱིད་མངོན་པ།
བོད་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་མ་དངུལ་དག་གཙོ་བོ་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་སོགས་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་བཏང་ནས་འཕེལ་རྒྱས་ཀྱི་དྲོ་སྐྱིད་དམངས་སེམས་ལ་ཐད་ཀར་ཚོར་དུ་བཅུག་ཡོད།
—— སློབ་གསོའི་ཁྱབ་ཁོངས། ཞིང་འབྲོག་ཁུལ་གྱི་ཕྲུ་གུ་དེ་བས་མང་བར་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལོངས་སུ་སྤྱོད་པ་དང་རི་གྲོང་ནས་ཐོན་ཏེ་མི་ཚེའི་གར་སྟེགས་དེ་བས་རྒྱ་ཆེ་བ་ལྡན་པར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1835.56བཏང་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་35.37བཀོད་སྒྲིག་བྱས་ནས་ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་བྱས་པ་དང་། “འགན་ལེན་གསུམ”གྱི་གྲོན་དངུལ་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་5700བར་མཐོ་རུ་བཏང་བ། རིམ་རྩིས་བརྒྱབ་ན་སློབ་མར་རོགས་དངུལ་སྒོར་དུང་ཕྱུར་443.42སྤྲད་ནས་སློབ་མ་མི་ཐེངས་ཁྲི་2274.33ལ་རོགས་སྐྱོར་ཐོབ་པ། བོད་ལྗོངས་འཛིན་གྲྭས་ལོ་རེར་སློབ་མ་བསྡུ་བའི་གཞི་ཁྱོན་དེ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མི་ཁྲི་1ལས་བརྒལ་བ་རེད།
—— སྡོད་ཁང་འཛུགས་སྐྲུན་གྱི་ཁྱབ་ཁོངས། ས་བབ་མཐོ་བའི་ས་ཁུལ་གྱི་དྲོད་འདོན་ལས་གྲྭར་བརྟེན་ནས་མང་ཚོགས་དེ་བས་མང་བ“དྲོ་སོབ་སོབ་ཀྱི་ཁང་པའི”ནང་སྤོས་པས། “འཚོ་བ་སྦྲང་རྩི་ལས་ཀྱང་མངར”ཞེས་བརྗོད་ཀྱི་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི་8.2དང་ཞིང་འབྲོག་ཁུལ་གྱི་བདེ་སྡོད་ཁང་པ་ཁྲི་15.6བསྐྲུན་པ་དང་། ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་བཅས་གྲོང་ཁྱེར་དང་ས་ཁུལ་གནས་ཡུལ་4 རྫོང་གྲོང་38དང་། ཤང་དང་གྲོང་རྡལ་178 ས་བབ་སྨི་5000ཡན་གྱི་ཞིང་འབྲོག་ཁུལ་བཅས་སུ་དྲོད་རླངས་མཁོ་འདོན་བྱས་ཡོད།
—— སྐྱེ་ཁམས་ཁྱབ་ཁོངས། 2021ལོ་ནས་བཟུང་བོད་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་ལག་བསྟར་བྱས་ཏེ“ལོ་ལྔའི་ནང་རི་ཀླུང་སྔོ་ལྗང་དུ་འགྱུར་བ་དང་ལོ་བཅུའི་ནང་ལྷ་ས་སྔོ་ལྗང་དུ་འགྱུར་བའི”བསམ་བཀོད་དེ་རིམ་བཞིན་མངོན་སུམ་དུ་གྱུར་ཡོད། ལས་གྲྭ་དེས་མི་ཐེངས་ཁྲི་990ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་32ཟིན་པ་མ་ཟད། མང་ཚོགས་དེ་བས་མང་བར“སྐྱེ་ཁམས་ཀྱི་ཡོང་འབབ”རག་པ་དང་། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཡོད།
—— འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས། “དམིགས་པ་ལྔའི”བླང་བྱ་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་གི་བརྟག་དཔྱད་བྱེད་སྒོ་ཤུགས་ཆེན་སྤེལ་ཞིང་། ལྗོངས་ཡོངས་ཀྱི་གྲུམ་བུ་ཚིགས་ཆེན་ནད་ལ་ལོ་མང་རིང་ནད་དཔེ་གསར་པ་མེད་པ་རྒྱུན་འཁྱོངས་ཐུབ་པ་དང་། རིམ་གསུམ་ཀ་པ་རིམ་པའི་སྨན་ཁང་གྲོང་ཁྱེར་དང་ས་ཁུལ་བདུན་ལ་ཡོངས་སུ་ཁྱབ་པ། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིར་ཁྱབ་པའི་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་བསྐྲུན་པ། ཞིང་ཆེན་སྒྲོལ་བའི་ཡུལ་གཞན་ནས་ཐད་ཀར་སྨན་རིན་རྩིས་རྒྱག་པའི་ཞབས་ཞུའི་བརྒྱུད་རིམ་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་སྲིད་ཇུས་སྒྱུར་བཅོས་ལས་བྱུང་བའི“ཁེ་སྤོགས”ལོངས་སུ་གང་ལེགས་སྤྱོད་རྒྱུ་བྱུང་ཡོད།
—— ལས་ཞུགས་ཁྱབ་ཁོངས། “གཞུང་ལས་ལས་ཞུགས་དང་། ཁྲོམ་རར་ལས་ཞུགས། གཞི་རིམ་དུ་ལས་ཞུགས། ལྗོངས་ཕྱིར་ལས་ཞུགས། རང་བརྟེན་ལས་འདེམས”བཅས་ཟུང་དུ་འབྲེལ་བའི་སྣ་མང་ཅན་གྱི་ལས་ཞུགས་མ་ལག་མུ་མཐུད་གཏིང་ཟབ་ཏུ་བཏང་བས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་འབྲོག་པ་མི་ཐེངས་ཁྲི་40ལ་གསོ་སྦྱོང་བྱས་པ་བརྒྱུད། གློག་ལས་དང་། ཚ་ལ། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་ནས་ངལ་རྩོལ་པ་དེ་བས་མང་བའི་ལས་ཞུགས་བརྟན་དུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་བསྟར་ནས་དམངས་འཚོའི་ཁྱབ་ཁོངས་ལ་རིམ་རྩིས་བརྒྱབ་ན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་སྒྱུར་བཀོད་དང་སྨན་བཅོས་སློབ་གསོའི་སྒྲིག་བཀོད་རིམ་སྤོར་ཡིན་ནའང་འདྲ། ཡང་ན་གྲོང་གསེབ་ཀྱི་འགྲོ་ལམ་དང་འཐུང་ཆུའི་བདེ་འཇགས་སོགས་དམངས་འཚོའི་འདུ་འགོད་ཡིན་ནའང་འདྲ། ཚང་མས་སྟོད་སྨད་རྒྱུད་ཀྱི་ཐོན་ལས་ལ་ཐད་ཀར་སྐུལ་ཁྲིད་བྱས་ཏེ་འཛུགས་སྐྲུན་རྒྱུ་ཆ་དང་ཞབས་ཞུ་སོགས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་དཔལ་འབྱོར་འཕར་བའི་དམ་འཛིན་བྱ་གཞི་ཐད་ཀར་ཞིག་ཏུ་གྱུར་ཡོད།
དམངས་འཚོར་མ་དངུལ་བཏང་བ་ལས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་རིག་གནས་ཡུལ་སྐོར་ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་སྔར་བས་ལྡོག་སྐུལ་བྱས་པས“དམངས་འཚོར་མ་དངུལ་བཏང་བ་ལས་ཐོན་ལས་རིམ་སྤོར་དང་དཔལ་འབྱོར་འཕར་བའི”འཁོར་རྒྱུག་བཟང་པོ་ཆགས་ཏེ། དམངས་འཚོའི་ཁེ་སྤོགས་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་རྒྱུན་མཐུད་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།