དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་རེད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲའོ་ཁྲེང་།   |     སྤེལ་དུས།  2026-03-19

    “སྲིད་དོན་ལས་རྗེས་ལྟ་བའི་གནད་དོན་ནི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན། དེ་ཏང་འཛུགས་སྤྱི་ཕན་དང་སྲིད་སྐྱོང་དམངས་ཕན་དང་འབྲེལ་བ་ཡོད”

    ད་ལོའི་ཟླ་དང་པོར་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོར་འཆར་འགོད་བཟོ་བའམ་ཡང་ན་བཀོད་སྒྲིག་ལག་བསྟར་བྱེད་པ་གང་ཞིག་ཡིན་རུང་ཚང་མར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ལྡན་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གཅིག་རྗེས་གཉིས་མཐུད་ངང་སྐབས་བརྗེ་བྱ་རྒྱུ་ཡིན་པས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ནན་བཤད་བྱེད་པར་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད” ཅེས་གསུངས་པ་རེད།

    གུང་ཁྲན་ཏང་མིས་བྱ་གཞག་སྒྲུབ་པ་དང་སྲིད་དོན་ལས་རྗེས་གཏོད་པ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་དོན་ལས་རྗེས་ལྟ་བ་མི་འདྲ་བ་གཉིས་ཀྱི་ནང་གནས་ཀྱི་ངོ་བོར་དབྱེ་ཞིབ་གཏིང་ཟབ་གནང་བ་སྟེ། “ཡང་དག་པའི་སྲིད་དོན་བྱས་རྗེས་ལྟ་བས་ང་ཚོར་དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་དངོས་སྒྲུབ་དཀའ་སྒྲུབ་བྱེད་པར་བརྟེན་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་། མི་དམངས་ལ་དངོས་གནས་བདེ་སྐྱིད་སྐྲུན་ཐུབ་པ། མང་ཚོགས་ཀྱིས་ཁས་ལེན་ཐོབ་པ་བཅས་ཀྱི་ལས་རྗེས་གཏོད་དགོས་པའི་བླང་བྱ་བཏོན་ཡོད” “ནོར་འཁྲུལ་གྱི་སྲིད་དོན་ལས་རྗེས་ལྟ་བ་ནི་མི་སྒེར་རམ་ཡང་ན་ཚོགས་པ་ཆུང་ངུའི་ཁེ་ཕན་བསམས་ནས་འཚབ་འཚུབ་ཆེ་བ་དང་། འཕྲལ་བདེ་འཕྲལ་ཕན། མི་བདེན་རྫུན་སྒྲིག རྨོངས་ཚོད་ཡ་ཡུག་བཅས་བྱས་ཏེ“རྟགས་མཚོན་ལས་གྲྭ”དང“ལས་རྗེས་ལས་གྲྭ”སྤེལ་ནས་ཁུར་པོ་དང་མངོན་མེད་རྐྱེན་ངན་ཐོན་པར་མི་དམངས་མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་དྲག་པོ་སྟོན་གྱི་ཡོད།

    “རྩ་བའི་རང་བཞིན་གྱི་གནད་དོན”ནི་སྲིད་དོན་ལས་རྗེས་ལྟ་བ་ནས་རིན་ཐང་གི་ལྟ་བ་མངོན་པ་ལས་བྱུང་ཡོད།

    རང་རེའི་ཏང་ལ་རྒྱལ་ཁབ་དང་། མི་རིགས། མི་དམངས་བཅས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། གུང་ཁྲན་ཏང་མི་ཞིག་ཡིན་པའི་ངོས་ནས་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་ཡིན།

    མྱུར་སྐྱེལ་བར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། རྒན་རྒོན་གྱི་ལས་ཤག་ཏུ་རྒན་རྒོན་གྱི་བདེ་ཐང་བརྟག་དཔྱད་དང་། དྲག་སྐྱེད་སྦྱོང་བརྡར། རྒྱུན་གཏན་གྱི་འགྲོ་སྡོད་ལྟ་རྟོག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དཔྱིད་གསར་དུས་ཆེན་གྱི་ཚོང་འདུས་ལ་ཕེབས་ནས་མི་སེར་ཚོ་དང་མཉམ་དུ་ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་བསུ་བ་སོགས་གནང་བ་རེད། ད་ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་རྟོག་ཞིབ་གནང་སྐབས་ཁོང་གི་གནང་སྟངས་ཞིབ་ཕྲ་ལས་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་མངོན་ཡོད།

    དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་ལས་ཏང་གི་རྩ་བའི་དམིགས་ཡུལ་མཚོན་པ་དེ་ནི་ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པ་ཞིག་རེད།

    བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་ཁག་ཏུ་ཕྱག་ལས་གནང་རིང་གི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཕྱིར་མིག་བལྟས་ཚེ “མི་དམངས་གོང་དུ་བཀུར་བའི”སྲིད་དོན་ལས་རྗེས་ལྟ་བ་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་གནང་བ་སྟེ། ཧོ་པེ་ཀྲེང་ཏིང་དུ“ཐོན་འབབ་མཐོ་ཡང་རྫོང་དབུལ་བའི”དཀའ་གནད་འཕྲད་སྐབས“རྒྱལ་ཡོངས་ཀྱི་ཐོན་མཐོའི་རྫོང”གི་གཟི་བརྗིད་མཚན་སྙན་མེད་ཀྱང་མང་ཚོགས་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་དགོས་པའི་འདོད་ཚུལ་འཛིན་གནང་བ་དང་། ཧྥུའུ་ཅན་དུ“མའོ་ཅ་ཕིང་གྲོང་ཚོར་ཐེངས་གསུམ་ཕེབས་པ”དང“ཤ་ཏང་ཤང་དུ་ཐེངས་གསུམ་ཕེབས་པ”མ་ཟད “གཞི་རིམ་དུ་སྤེལ་བ་བཞིའི”ལམ་སྲོལ་འཛུགས་པར་སྐུལ་འདེད་ཀྱང་བཏང་གནང་བ། ཀྲེ་ཅང་དུ་སྐབས་དེ་དུས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་འཕེལ་རྒྱས་རྗེས་ལུས་དང་སྔར་བཞིན་དབུལ་ཕོངས་མི་འབོར་མང་པོ་ཡོད་པའི་གནད་དོན་ལ་དམིགས་ནས“དེང་རབས་ཅན་འཛུགས་སྐྲུན་བྱེད་སྐབས་ཁུག་གསང་མ་ལུས་པར་འབྱོར་འབྲིང་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་ཤང་དང་གྲོང་རྡལ་གཅིག་ཀྱང་ལུས་མི་རུང”ཞེས་ནན་བཤད་གནང་བ་རེད། ཧྲང་ཧའེ་རུ་སྡོད་ཁང་ནང་གསང་སྤྱོད་མེད་པ་སོགས་ཀྱི་དམངས་འཚོའི་དཀའ་གནད་ལ་དོ་ཁུར་གནང་སྟེ། “དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་སྲིད་དོན་སྐྱོང་བའི་རྩ་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་སྲིད་དོན་ལས་རྗེས་ཆེ་ཤོས་དེ་རེད”ཅེས་བསྟན་གནང་ཡོད།

    “ལས་བྱེད་པའི་ལས་རྗེས་བཟང་ངན་བསྡུར་བ་བྱེད་པའི་འགག་རྩ་ནི་མི་སེར་གྱི་བསྔགས་བརྗོད་ཐོབ་མིན་ལ་ཐུག་ཡོད”

    2024ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྥུའུ་ཅན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་གི་ཀུའུ་ཝུན་ཁྲང་དྲན་གསོ་ཁང་དུ་ཕེབས་ནས་བློ་མཐུན་ཀུའུ་ཝུན་ཁྲང་གི་མི་སེམས་འགུལ་བའི་མཛད་རྗེས་མཁྱེན་རྟོགས་གནང་བ་དང་།ཐུགས་སྣང་གཤིན་པོས“ང་ཚོས་ཁོང་གི་མཛད་རྗེས་ལ་སློབ་སྦྱོང་བྱེད་པར་གུས་བཀུར་ཡི་རངས་ཞུ་དགོས་པ་མ་ཟད། ད་དུང་བཟང་པོའི་རྗེས་འབྲང་ཡང་བྱས་ཏེ། ཁོང་ལྟ་བུའི་མི་ཞིག་བྱེད་པ་དང་སྲིད་སྐྱོང་ནས‘གང་དུ་དཔོན་གནས་འཁུར་བ་ན། དེ་གར་བདེ་བ་སྐྲུན་པར་བརྩོན’དགོས། ཁོང་གི་རྗེས་སུ་འབྲངས་ཚེ་དེ་ནི་ཡང་དག་ལམ་བུ་ཞིག་རེད”ཅེས་གསུངས་པ་རེད།

    “རྩ་བའི་རང་བཞིན་གྱི་གནད་དོན”ནི་སྲིད་དོན་ལས་རྗེས་ལྟ་བ་དང་འཕེལ་རྒྱས་ལྟ་བ་འབྲེལ་བ་བྱུང་བ་ལས་ཐོན་ཡོད།

    སྲིད་དོན་ལས་རྗེས་ལྟ་བ་ལས་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་། གོ་རྟོགས། གནས་བབ་བཅས་མངོན་ཐུབ་པ་མ་ཟད། དེས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཐག་གཅོད་ཐུབ་པ་དང་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བ་ཡོད། “རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ་ལས་སྲིད་དོན་ལས་རྗེས་དོན་གཉེར་བྱེད་པར་འཕྲལ་བདེ་འཕྲལ་ཕན་དང་། མི་བདེན་རྫུན་སྒྲིག རྨོངས་ཚོད་ཡ་ཡུག་བཅས་ཀྱི་བྱེད་སྟངས་འདི་རིགས་དོར་བ་དང་། དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ་དང་། “རྟགས་མཚོན་ལས་གྲྭ”དང“ལས་རྗེས་ལས་གྲྭ”གཏན་འགོག་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོན་ལས་བྱེད་པར་སེམས་རྣལ་དུ་ཕབ་ནས“གོམ་པ་རེ་ལ་རྐང་རྗེས་རེ་དང་། ཏན་ཏན་ཏིག་ཏིག་གིས་མདུན་དུ་སྐྱོད་དགོས་པའི”བསླབ་བྱ་གནང་ཡོད།

    “ཁྲི་སྟོང་འདུ་འགོད”ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བར་ཆོས་ཉིད་ལ་བརྩི་འཇོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་གཅིག་རྗེས་གཉིས་མཐུད་ངང་ཞིབ་ཚགས་སྤེལ་བའི་སྲིད་དོན་ལས་རྗེས་ལྟ་བ་མངོན་ཡོད།

    ཀྲེ་ཅང་དུ་ཕྱག་ལས་གནང་རིང་། བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མས“ཁྲི་སྟོང་འདུ་འགོད”ལ་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་ནས་གྲོང་གསེབ་ཁྲི་སྟོང་རང་གི་རྒྱན་གྱིས་རང་ཉིད་བརྒྱན། རྒྱན་ཐོག་རྒྱན་བརྩེགས་ཐམས་ཅད་མཛེས་པར་གནང་ཡོད། ལོ་20ལྷག་ཙམ་རིང་ཀྲེ་ཅང་གི་ཏང་ཡོན་ལས་བྱེད་པས་འཆར་གཞི་གཅིག་མཐའ་གཅིག་ཏུ་བཀོད་ཐུབ་པར་བྱས་ནས“ཁྲི་སྟོང་འདུ་འགོད”ལ་མུ་མཐུད་སྐུལ་འདེད་བཏང་བ་ལས་ཞིང་པ་མང་ཚོགས་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན་ཡོད།

    “‘ཁྲི་སྟོང་འདུ་འགོད’ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ་ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་གྲོང་གསེབ་བཅོས་སྐྱོང་དང་ཤེས་དཔལ་ལྡན་པའི་ཡུལ་སྲོལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ན་ནིང་ལོ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས“ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་པ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བླང་བྱ་བཏོན་གནང་ཡོད།

    ད་ལོའི་ཟླ་དང་པོར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་ཚད་འཇལ་བྱེད་པའི་ཚད་གཞི་བཏོན་གནང་ནས“བྱས་འབྲས་ཐོབ་པར་ངས་མི་རྩོད་དང་བྱས་འབྲས་ཐོབ་པར་ང་ཡིས་འབད་པའི་བསམ་པའི་གོ་རྟོགས་ལྡན་དགོས་པ་དང་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པའི”བླང་བྱ་བཏོན་གནང་ཡོད།

    རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“རྩ་བའི་རང་བཞིན་གྱི་གནད་དོན”ལ་ལན་ཡག་པོ་བཏབ་ནས་དམངས་ཆེད་སྲིད་དོན་ལས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་བཞག་ཚེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་དང་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།