དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེགས་སྐྱེས་ཧུར་ཐག་ཕུལ་ནས་རྒྱལ་ཁབ་ས་ཆ་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲང་ཆིན།   |     སྤེལ་དུས།  2026-03-18

    ཟླ་3ཚེས་12ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རང་བྱུང་ཐོན་ཁུངས་པུས་སྤྱི་ཚོགས་ཡོངས་ལ“རང་བྱུང་སྲུང་སྐྱོང་བ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་ཤིང་། ཏིང་ཀྲེང་ཅང་དང་། ཧྲི་ཞའོ་ཅུན། ཝང་ཝེ་མིན། ཝང་ཀུའེ་ལིང་། སྤེན་པ་སྒྲོལ་མ། ཞུས་ལེང་། ཞུས་ཧུའེ། ཧོང་ཝེ་ཀུའུ། ལེང་ཨན་པའོ་བཅས་མི་9བདམས་ཐོན་བྱུང་ཡོད། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག སྲུང་སྐྱོང་བ་དགུ་པོས་ལེགས་སྐྱེས་ཧུར་ཐག་འབུལ་བ་དང་རྒྱལ་ཁབ་ས་ཆ་བསྲུངས་ནས། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།

    ལས་འགན་དང་འགན་འཁྲི་ཧུར་ཐག་བསྒྲུབས་ནས་སྐྱེ་ཁམས་ཀྱི་དམར་ཐིག་སྲུང་བ།

    ལྷོ་རྒྱ་མཚོར་ཟོག་འདྲེན་གྲུ་གཟིངས་ཕར་འགྲོ་ཚུར་འོང་བྱེད་པ་དང་མཚོ་གཏིང་གི་བྱུ་རུའི་སྡོང་པོའི་ཡལ་འདབ་ཕན་ཚུན་འབྲེལ་ཞིང་། རང་བྱུང་ཐོན་ཁུངས་པུའི་ལྷོ་རྒྱ་མཚོའི་སྐྱེ་ཁམས་ལྟེ་གནས་ཀྱི་མཐོ་རིམ་བཟོ་བཀོད་པ་ཧྲི་ཞའོ་ཅུན་གྱིས་རྒྱ་མཚོ་འདིར་ལོ་17རིང་ལས་གནས་བརྟན་སྲུང་བྱས་པ་རེད།

    ལོ་17རིང་། ཁོང་གིས་རིམ་རྩིས་བརྒྱབ་ན་བཅད་ཁ་5000ལྷག་ཙམ་ལ་ཆུར་འཛུལ་བརྟག་དཔྱད་བྱས་པ་དང་། གོང་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཚོགས་པ་དང་མཉམ་དུ་གླིང་ཕྲན་མང་པོའི་བྱུ་རུའི་བྲག་རྡོའི་སྐྱེ་ཁམས་བརྟག་དཔྱད་དང་དཔྱད་དཔོག་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱས་པ་དང་འབྲེལ། དམིགས་སའི་རང་བཞིན་ལྡན་པའི་སྲུང་སྐྱོང་ཉམས་གསོའི་གྲོས་འགོ་བཏོན་པ་དང་ནན་ཧྲ་གླིང་ཚོམ་གྱི་བྱུ་རུའི་རི་མོ་གསལ་འགྲེལ་སྣེ་ཁྲིད་རྩོམ་འབྲི་བྱས་ནས། བྱུ་རུའི་བྲག་རྡོ་སྲུང་སྐྱོང་བྱ་ཆེད“ཀྲུང་གོའི་ཚིག་མཛོད”མཁོ་འདོན་བྱས་ཡོད།

    ཧུའུ་ནན་དང་ཅང་ཤིས་མཐའ་མཚམས་ཀྱི་དབེན་འཇམ་གྱི་ནགས་ཁྲོད་དུ་ཁོང་དང་འདྲ་བའི་སྲུང་སྐྱོང་བ་མང་པོ་ཡོད་ཅིང་། ཧུའུ་ནན་ལིའུ་དབྱང་ནི་སྐད་གྲགས་ཆེ་བའི“ཀྲུང་གོའི་ཤོག་སྦག་ཐོན་ཡུལ”ཡིན་པ་དང་། ལོ་55ལ་སླེབས་པའི་ཤོག་སྦག་བཟོ་མཁན་ཧོང་ཝུའེ་ཀུའུ་ཡང་སྐྱེ་ཁམས་ནགས་སྲུང་བ་ཞིག་རེད། ལོ་10ལྷག་ཙམ་རིང་། ཁོང་གིས་ཉིན་ལྟར་ཞོགས་པར་སྦག་སྦག་བཞོན་ནས་མེ་གསོད་ཡོ་བྱད་དང་གྲི་ཁྱེར་ཏེ་ནགས་ཚལ་སྟུག་པོའི་ཁྲོད་རིམ་རྩིས་བརྒྱབ་ན་སྤྱི་ལེ་ཁྲི་13ལྷག་ཙམ་སྐོར་སྲུང་བྱེད་པར་བསྐྱོད་པ་དེ་ཐིག་དམར་ལ་སྐོར་བ་ཐེངས་3བརྒྱབ་པ་དང་མཚུངས་ཀྱི་ཡོད།

    སྐོར་སྲུང་བྱ་ཡུལ་གྱི་གནའ་བོའི་ཤིང་སྡོང་གིས་ལོ་ཟླའི་འགྱུར་ལྡོག་གི་དཔང་པོ་བྱེད་པ་དང་རྡོ་གཤག་ར་བ་སྒོ་བརྒྱབ་པ་དེས་སེམས་ཐག་གཙང་བཅད་ཀྱི་སྙིང་སྟོབས་ལ་ཚོད་བགམ་བྱེད།

    ཅང་ཤིས་ཞིང་ཆེན་རུའེ་ཁྲང་གྲོང་ཁྱེར་ས་གཤིས་གཏེར་ཐོན་ཅུས་ཀྱི་དེ་སྔའི་འགོ་ཁྲིད་ཞུས་ཧུའེ་ནི་དེ་སྔ་དམག་མི་ཞིག་ཡིན་པ་དང་ལོ་22ལ་སླེབས་སྐབས་རླངས་འཁོར་གྱི་ལས་འཛོལ་ཁྲོད་རྐང་པ་ཡ་གཅིག་ཤོར་བ་རེད། 2013ལོར་གཏེར་རྫས་ཐོན་ཁུངས་དོ་དམ་ལས་དོན་རྩིས་ལེན་སྐབས་རུའེ་ཁྲང་གི་རྡོ་གཤག་ར་བ་གང་སར་ཐལ་རྡུལ་འཚུབ་ཡོད། མང་ཚོགས་ལ་སྔོ་ཞིང་དྭངས་བའི་རི་ཆུ་སླར་གསོ་བྱ་ཆེད། ཁོང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཏེར་རིའི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་ཐོག་མེད་རྡོ་གཤག་ཁེ་ལས་10མ་གཏོགས་དེ་བྱིངས་ཚང་མ་སྒོ་རྒྱག་ཏུ་བཅུག་པ་རེད།

    མི་གཞན་གྱི་ཁེ་ཕན་ལ་ཕོག་ཐུག་བཏང་བས་ལ་ལས་མཚན་གུང་དུ་ཁོང་ལ་འཇིགས་སྣང་སྐུལ་བ་དང་། ལ་ལས་ཁོང་ལ་འཁང་ར་བྱེད་པ། ལ་ལས་ཁོང་གི་གཞུང་ལས་ཁང་དུ་དུག་སྦྲུལ་གློད་པ་བཅས་བྱས་མོད། འོན་ཀྱང་ཁོང་གིས་གོམ་པ་ཕྱེད་ཀ་ཙམ་ཡང་ཕྱིར་བཤོལ་བྱས་མེད། གཏེར་རིར་འཛེགས་ཐེངས་རེར་རྐང་པ་རྫུན་མ་བསྒར་སའི་མཐུད་ཁ་ནས་ཁྲག་དོན་པ་དང་མཚན་མོ་ན་ཟུག་གིས་རྐྱེན་པས་གཉིད་ཀྱང་ཁུག་གི་མེད། ཡིན་ནའང་ཁོང་གིས་རིང་ཚད་སྤྱི་ལེ་10.7ཡོད་པའི་མཁའ་ཐོག་གཏེར་རྡོ་སྐྱེལ་འདྲེན་བར་ཁྱམས་སྐྲུན་པར་སྐུལ་འདེད་བཏང་ནས་ཐལ་རྡུལ་དང་སྦགས་བཙོག་གི་དཀའ་གནད་བསལ་བ་རེད།

    དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་དམངས་འཚོའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ།

    སི་ཁྲོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་ས་གཤིས་གནོད་འཚེ་འགོག་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་ཞུས་ལེང་གི་གཞུང་ལས་ཁང་དུ་ནམ་ཡང་རྡོག་ཐོན་བྱེད་ཆོག་ཆོག་གི་རྒྱབ་ཁུག་ཅིག་བཞག་ཡོད་ཅིང་། རྒྱལ་ཡོངས་ཀྱི་ས་གཤིས་གནོད་འཚེའི་ཞིང་ཆེན་དང་པོར་ཁོང་གིས་ལོ་ཉི་ཤུ་ལྷག་ཙམ་རིང་རི་ཀླུང་ཁྲི་སྟོང་མང་པོ་བརྒལ་བ་དང་ལག་ཐོགས་ཁ་པར་གྱི་ཁ་ནམ་ཡང་བཀག་མྱོང་མེད།

    2008ལོའི་དབུན་ཁྲོན་གྱི་ས་ཡོམ་ཧ་ཅང་ཆེན་པོ་ཁྲོད་འབྲེལ་བ་ཆད་པའི་ཧུང་ཀོང་ཤང་དུ་སྐྱོད་པའི་ལམ་བར་དུ་ཡོམ་འཕྲོ་རིམ་པ་6.1གློ་བུར་དུ་བརྒྱབ་སྟེ། རི་ནས་རྦབ་རྡོ་ཆར་པ་འབབ་པ་ལྟར་ཉིལ་བས། ཞུས་ལེང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི་ཚོས་ཤིང་སྡོང་ལ་དམ་པོར་འཁྱུད་པས་སྲོག་ཉེན་ལས་ཐར་ཙམ་བྱུང་ཡོད།

    ལོ་ལྟར་འཐབ་ས་དང་པོར་གཞོལ་བའི་ཞུས་ལེང་གིས་ས་གཤིས་གནོད་འཚེ་ལས་བྱུང་བའི་སྡུག་བསྔལ་མང་པོ་མཐོང་མྱོང་ཡོད། སྡུག་བསྔལ་དེ་དག་ལ་གཞིགས་ཏེ་ཁོང་ལ་ཚན་རིག་གི་དྲི་ལན་འདེབས་དགོས་པའི་སྐུལ་མ་ཐེབས།

    ཞུས་ལེང་གི་ཚོགས་པས་སྣེ་ཁྲིད་དེ“སྟོད་རྒྱུད་དུ་ཆར་པ་བབས་པ་དང་། དབུས་རྒྱུད་དུ་སྔོན་བརྡ་གཏོང་བ། སྨད་རྒྱུད་ནས་ཉེན་གཡོལ་བྱེད་པ”བཅས་ཀྱི་མཉམ་འགུལ་གེགས་འགོག་ལམ་སྲོལ་ཕྱོགས་སྡོམ་བྱས་ནས་གེགས་འགོག་ཉེན་གཡོལ་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱས་པ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སི་ཁྲོན་གྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་604.8ཕྱོགས་སྒྱུར་བྱས་ནས་ཉེན་གཡོལ་ཐེངས་240བདེ་བླག་བྱུང་ཡོད།  གནོད་འཚེའི་མདུན་དུ་ཤི་གསོན་གྱི་མྱུར་ཚད་བརྩོན་པ་ནི་ཚེ་སྲོག་སྐྱོབ་པའི་ཆེད་དུ་ཡིན་པ་དང་ཚད་འཇལ་གནད་སྨིན་བྱེད་པ་ནི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་ཤོས་འདིང་བ་རང་ཡིན།

    རང་བྱུང་ཐོན་ཁུངས་པུའི་ས་ཁམས་ཆ་འཕྲིན་རིས་འབྲི་ཁང་གཉིས་པའི་ཡོན་ཀྲང་ལེང་ཨན་པའོ་ཡིས་ལོ་30ཡི་རིང་ལེ་དབར་ཁྲི་ཕྲག་ཆོད་པའི་རི་ཀླུང་མང་པོར་བསྐྱོད་ཅིང་། ཁོང་གིས་དུས་ཡུན་རིང་པོར་རི་ཐང་དུ་ཐིག་ལེན་རིས་འབྲིའི་ལས་ཀ་བྱས་པ་དང་ས་ཁམས་རྒྱལ་བབ་ཐད་ཀྱི་ཡོངས་བཤེར་ཁྲོད། ཁོང་གིས་གཞུང་ལས་ཁང་དུ་ཉིན་མཚན་1000ལྷག་ཙམ་གྱི་རིང་ལས་གནས་བརྟན་སྲུང་བྱས་པའི་རྐྱེན་གྱིས་གྲུམ་བུའི་ནད་ཕོག་ཡོད། ཡིན་ནའང་ན་ཟུག་བཟོད་བསྲན་གྱིས་ཧེ་ལུང་ཅང་ལ་གཞི་རྩའི་གྲངས་གཞིའི་མཛོད་ཆ་ཚང་ཞིག་བཙུགས་པ་རེད། ད་ཆ་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་དབྱེ་འབྱེད་ཐུབ་ཚད་མཐོ་བའི་སྲུང་སྐར་བརྙན་པར་སྤྱད་དེ་ས་ནག་པོར“གྲངས་གཞིའི་བརྟག་དཔྱད”བྱེད་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་ཚད་འཇལ་རིས་འབྲི་ནས་གྲངས་འཛིན་སྲུང་སྐྱོང་བར་གྱི་མཆོང་སྐྱོད་བྱུང་ཡོད།

    དཔེ་རིས་ཐོག་གི་གནད་སྨིན་ཚད་རྟགས་དེ་མཐར་ཞིང་ནང་དང་མུ་ཁའི་ལོ་ལེགས་ཀྱི་རི་མོར་འགྱུར་བར་བྱེད་དགོས་ཀྱི་ཡོད། ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཝེ་མིན་གྱིས་ལོ་30ཡི་རིང་རྨོ་ཞིང་སྲུང་སྐྱོང་གི་འཐབ་ས་དང་པོར་གཞི་ཚུགས་ཤིང་།“གྲོང་ཚོའི་ནང་ཁོང་གི་ལྷམ་ལ་རྟག་ཏུ་འདམ་བག་འགོས་པ་དང་གཙང་མ་ཡིན་པ་མཐོང་མྱོང་མེད”ཨན་ཅི་རྫོང་གི“རི་བདུན་དང་ཆུ་གཅིག་ཞིང་གཉིས”ཀྱི་ས་བབ་ལ་དམིགས་ཏེ་ཁོང་གིས་ས་ཁོངས་ཧྲིལ་པོའི་ས་ཆ་ཕྱོགས་བསྡུས་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས“དཔལ་འབྱོར་རྩིས་ཐོ”རེ་རེར་བརྟེན་ནས་ཡུལ་མི་ཚོའི་དོགས་གནད་བསལ་བ་རེད།

    གསར་གཏོད་དང་འགག་སྒྲོལ་ལ་བརྟེན་ནས་ཐོན་ཁུངས་ཀྱི་གཞི་རྩ་འཚོལ་ཞིབ་བྱེད་པ།

    ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་འོད་རབ་ཏུ་གསལ་བ་ནི་ས་གཞི་ཆེན་པོའི་གཏིང་རུམ་གྱི་ནུས་ཚད་དམ་གཏིང་ཤུགས་དང་ཁ་འབྲལ་ཐབས་མེད་ལ། སྲུང་སྐྱོང་པ་མང་པོ་ཞིག་གིས་སའི་གོ་ལའི་གཏིང་རིམ་གྱི་ཐོན་ཁུངས་འཚོལ་ཞིབ་ཐད་འབད་འབུངས་བྱེད་བཞིན་ཡོད།

    2025ལོའི་ཟླ་12པར་པེ་ཅིང་དུ་གངས་བབས་ཤིང་། ཧྲན་ཏུང་ཞིང་ཆེན་ས་གཤིས་གཏེར་ཐོན་ཅུས་ས་གཤིས་རུ་ཆེན་དྲུག་པའི་རུ་དཔོན་ཏིང་ཀྲེང་ཅང་ཤིན་ཅང་ནས་ལོག་མ་ཐག་ལི་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐེངས་བཅུ་དགུ་པ་སྤྲོད་པའི་མཛད་སྒོར་ཞུགས་ཡོད།

    1999ལོར་སློབ་གྲྭ་ཐོན་རྗེས་ཏིང་ཀྲེང་ཅང་གིས་ས་གཤིས་འཐབ་ཕྱོགས་སུ་དུས་ཡུན་ལོ་26ལས་ཀ་བྱས་ཤིང་། གཏེར་ཁ་འཚོལ་ཞིབ་བྱེད་མཁན་ཉུང་བའི་སྐབས་སུ་ཁོང་གིས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་དང་བློ་རྩེ་གཅིག་སྒྲིམ་གྱིས་བརྩོན་ཞིབ་བྱས་ཤིང་། ས་གཤིས་ཀྱི་དཔྱད་ཡིག་ལ་སྲུང་སྐྱོང་བྱ་ཆེད་ཁོང་གིས་དཀའ་ངལ་དུ་མ་ཁྱད་དུ་བསད་ཡོད། 2014ལོར་ཧྲན་ཏུང་མུའུ་ཕིང་དུ་ཁོང་གིས་བྲག་རྡོའི་མ་དཔེའི་ཁྱད་པར་ཚོར་ནས་ལས་རིགས་གཅིག་པའི་དོགས་པར་མ་འཛེམས་པར་བློ་ཁོག་ཆེན་པོས“ལྕགས་སེར་གཏེར་ཁའི་ཐཱན་སྐྱུར་ཚྭ་རྣམ་པའི”གསེར་གཏེར་གྱི་རིགས་པའི་གཞུང་ལུགས་གསར་པ་བཏོན་པ་རེད།

    ཚད་བརྒལ་དེ་ལས་ཐོན་ཁུངས་ཏུན་69ཟིན་པའི་གཏིང་རིམ་གྱི་གསེར་གཏེར་རྩད་ཆོད་ནས་ཅའོ་ཏུང་ཤར་རྒྱུད་ཀྱི་གཏེར་ཁ་འཚོལ་ཞིབ་ཐད“སྐར་མ་ཙམ་ལས་ཟླ་བ་མི་མཐོང་བའི”ལོ་རྒྱུས་མཇུག་འགྲིལ་བ་རེད། སན་ཧྲན་གླིང་ཕྲན་བྱང་རྒྱུད་མཚོ་ཁོངས་སུ་ཏིང་ཀྲེང་ཅང་གིས་གསོར་འབིགས་འཕྲུལ་འཁོར་52ལ་བཀོད་འདོམས་བྱས་ནས་དུས་གཅིག་ཏུ་ལས་ཀ་བྱས་ཏེ་རང་རྒྱལ་མཚོ་ཁོངས་ཀྱི་གསེར་གཏེར་གཞི་ཁྱོན་ཅན་གྱི་རྩད་ཞིབ་ཐད་ལམ་སྲོལ་གསར་པ་ཕྱེ་ཡོད། མིག་སྔའི་བར་ཏིང་ཀྲེང་ཅང་དང་ཁོང་གི་ཚོགས་པས་རིམ་རྩིས་བརྒྱབ་ན་གསེར་གྱི་ཐོན་ཁུངས་ཏུན་1300ལྷག་ཙམ་རྩད་ཆོད་ཅིང་། ཅའོ་ཏུང་ས་ཁུལ་ཉིད་འཛམ་གླིང་གི་གསེར་གཏེར་འདུས་ཁུལ་ཆེ་གྲས་གསུམ་པར་གྱུར་ཡོད།

    གསེར་ནི་ས་གཞིའི་སྲ་གཟུགས་རྒྱུ་ནོར་ཡིན་ལ། ས་འོག་ཚ་ནུས་ནི་སའི་གོ་ལའི་ལོ་ངོ་དུང་ཕྱུར་མང་པོའི“སྙིང་གི་འཕར་ལྡིང”ཡིན།

    ཀྲུང་གོ་ས་གཤིས་ཚན་རིག་གླིང་ཆུ་དཔྱད་ས་གཤིས་ཁོར་ཡུག་ས་གཤིས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཀུའེ་ལིང་གིས་ཚེ་གང་རིང་འཆར་ཡན་གྱི“ས་འོག་ཚ་ནུས་ཕུགས་འདུན”ཞིག་དོན་གཉེར་བྱེད་བཞིན་ཡོད་ཅིང་། ཁོང་གིས་རྐང་པ་གཉིས་ལ་བརྟེན་ནས་ཆུ་ཚན་2000ལྷག་ཙམ་དང་ས་འོག་ཚ་ནུས་ཁྲོན་པ་རེ་རེ་བཞིན་ས་བཀྲའི་ངོས་སུ་གནད་སྨིན་ངང་བཀོད་པ་རེད།

    2017ལོར་ཞུང་ཨན་ཁུལ་གསར་བཙུགས་ནས་ཟླ་བ་གསུམ་ལས་མ་སོང་བར་ཝང་ཀུའེ་ལིང་གིས་རུ་སྣེ་ཁྲིད་དེ་ས་ཡུལ་དངོས་སུ་ས་འོག་ཚ་ནུས་ཐོན་ཁུངས་འཚོལ་ཞིབ་བྱེད་པར་བསྐྱོད་ཅིང་། ཞུང་ཨན་གྱི་ས་འོག་ཏུ“ཀུའེ་ལིན་གྱི་རི་ཆུ”ལྟ་བུའི་རྙོག་འཛིང་ཤིན་ཏུ་ཆེ་བའི་གནའ་བོའི་རིམ་རིའི་གྲུབ་ཚུལ་ཡོད་པ་དང་། གསོར་ཁྲོན་གྱི་འདམ་རྫབ་ཚབས་ཆེན་ངང་ཟགས་ཡོད། ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་རྒྱུན་སྲོལ་ལས་བརྒལ་བ་དང“ཟགས་བཅད་གསོར་འཛུལ”གྱི་ལྡོག་ཕྱོགས་བསམ་གཞིག་ལ་བརྟེན་ནས་དཀའ་གནད་བསལ་ཏེ་ས་འོག་ཚ་ནུས་རྩད་ཞིབ་ཁྲོན་པ་26གྲུབ་འབྲས་ཐོབ་པའི་ངང་རྩད་ཞིབ་བྱས་ནས་ལོ་ངོ་སྟོང་གི་ཞུང་ཨན་ལ“ཚ་ནུས་མཛོད་ཆེན”ཞིག་རྙེད་པ་དང་། ལོ་མང་རིང་ཝང་ཀུའེ་ལིང་གིས་སྣེ་ཁྲིད་དེ་རང་རྒྱལ་གྱི་ས་འོག་ཚ་ནུས་ཀྱི་གནས་ཚུལ་གསལ་རྟོགས་བྱས་ནས་ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར་ཐད་ས་གཏིང་གི་གསང་ཨང་རྙེད་ཡོད།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས་ཀྱི་རིམ་པ་བཞི་པའི་བརྟག་ཞིབ་པ་སྤེན་པ་སྒྲོལ་མས་ལོ་26གི་རིང་། གངས་ལྗོངས་ས་མཐོའི་རི་ཀླུང་དང་རྩི་ཤིང་དག་ཟིན་བྲིས་སུ་གསལ་པོར་བཀོད་ཅིང་། རྒྱུ་ནོར་བདག་དབང་གི་ལག་ཁྱེར་རག་མེད་པའི་མང་ཚོགས་ཀྱིས་ཁོང་ལ་སྣ་རྩེར་མཛུབ་མོ་བཙུགས་ནས་ནན་འདྲི་བྱས་མྱོང་ནའང་། སྤེན་པ་སྒྲོལ་མས་འཁང་ར་གཏན་ནས་མེད་པར་ཟིན་བྲིས་དེབ་ཀྱི་ངོས་སུ“ངེས་པར་དུ་ཐག་གཅོད་མཐིལ་ཕྱིན་བྱེད་དགོས”ཞེས་བྲིས་པ་དང་། བཅའ་ཁྲིམས་ཀྱི་དོན་ཚན་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་མཐར་འགུལ་མེད་རྒྱུ་ནོར་ཐོ་འགོད་ཀྱི་དཀའ་གནད་78བདེ་བླག་ངང་བསལ་བ་རེད།

    ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ལ་ས་མཚམས་གཏན་འཁེལ་བྱ་ཆེད། སྤེན་པ་སྒྲོལ་མ་ལྷ་སའི་འབྲོག་ཁུལ་ཚང་མར་བསྐྱོད་མྱོང་ཡོད། ས་མཚམས་གསལ་པོ་མེད་པས་ཁོང་གིས་བདག་དབང་གཏན་འཁེལ་གྱི་ཐོ་འགོད་བྱེད་ཐབས་གསར་གཏོད་བྱས་ཏེ་འབྲོག་དུད་ཁྲི་4.74ཡི་འབྲོག་པའི་རྒྱུ་ནོར་བདག་དབང་གསལ་པོ་བྱུང་སྐབས་ཁོང་གི་མིག་མཐའ་མཆི་མས་བརླན། ཨ་མ་ལགས་ཀྱི“མི་དྲང་པོ་བྱེད་པ་དང་གཏམ་སྤྱོད་ཚུལ་ལྡན་བྱེད་དགོས”ཞེས་པའི་ཁ་ཏ་བསླབ་བྱ་དེ་ཁོང་གིས་འབྲོག་པའི་ཁེ་ཕན་སྲུང་བའི་འགྱུར་མེད་ཀྱི་བྱ་སྤྱོད་དུ་བསྒྱུར་ཡོད།

    “རང་བྱུང་སྲུང་སྐྱོང་པ་ཡག་ཤོས”དགུ་པོ་དེ་དག་གིས་རང་བྱུང་ཁམས་ལ་གུས་ཤིང་སྐྲག་པའི་བསམ་པ་ཟབ་མོ་བཅངས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དང་རང་བྱུང་ཁམས་ཕན་ཚུན་ཇི་ལྟར་མཉམ་གནས་བྱེད་པའི་དུས་རབས་ཀྱི་དྲི་བར་ལན་བཏབ་ཡོད། རི་ཀླུང་ཀུན་ལ་སྨྲ་བ་མེད་ཀྱང་ཐམས་ཅད་ལ་བདེན་དཔང་བྱེད་ཀྱིན་ཡོད། དུས་རབས་གསར་པའི་རང་བྱུང་ཐོན་ཁུངས་ལས་དོན་པ་དང་རང་བྱུང་སྲུང་སྐྱོང་པ་ཁྲི་སྟོང་མང་པོས་སྤྱིར་བཏང་གི་ཤ་ཁྲག་གདོས་བཅས་ཀྱི་ལུས་པོར་བརྟེན་ནས་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིར་ཚད་གཞི་འཇལ་བཞིན་ཡོད་པ་དང་། བསིལ་འཇམ་རླུང་བུ་སླར་ཡང་ཀྲུང་གོའི་ཡུལ་ལུང་དུ་ལྡང་བ་ནི་རི་ཀླུང་གིས་རང་ཉིད་ཀྱི་སྲུང་སྐྱོང་པ་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུ་བ་དང་ཀུན་ནས་མཚུངས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།