རང་རྒྱལ་དུ་2030ལོར་སླེབས་སྐབས་རྒྱལ་ཡོངས་སུ་གློག་རྫས་རླངས་འཁོར་བདག་ཚད་ཁྲི་10ཟིན་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་གསུམ་གྱིས་ཆིང་ནུས་ཕྱོགས་བསྡུས་བཀོལ་སྤྱོད་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་ནས་2030ལོར་སླེབས་སྐབས་ཡུག་འབྲེལ་གྲོང་ཚོགས་ཀྱི་ཆིང་ནུས་ཁྱབ་ཁོངས་མང་པོར་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཐུབ་པ་བྱ་རྒྱུ་དང་། མཐའ་སྣེའི་ཆིང་སྤྱོད་པའི་ཆ་སྙོམས་རིན་གོང་སྟོང་ཁེ་རེར་སྒོར་25མན་ཆག་པར་བྱས་ཏེ་ལེགས་ལྡན་ས་ཁུལ་ཁག་ཅིག་ཏུ་སྟོང་ཁེ་རེར་སྒོར་15ཙམ་ཆག་ཐུབ་པ་བྱ་རྒྱུ་རེད། རྒྱལ་ཡོངས་སུ་གློག་རྫས་རླངས་འཁོར་བདག་ཚད་2025ལོ་ལས་ལྡབ་གཅིག་འཕར་ནས་ཁྲི་10ཟིན་རྒྱུ་ཡིན་པ་རེད། ཆིང་ནུས་བཀོལ་སྤྱོད་ལག་རྩལ་དང་། བཟོ་རྩལ། སྒྲིག་ཆས་བཅས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ཆིང་ནུས་དེ་དཔལ་འབྱོར་འཕར་གཞི་གསར་པར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་ནུས་རྒྱུ་གྲོན་ཆུང་དང་ཕྱོགས་བསྡུས་བེད་སྤྱོད་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། རང་རྒྱལ་གྱི་ཆིང་ནུས་ཐོན་ལས“0”ནས“1”བར་ཚད་བརྒལ་བྱུང་ནས་ལག་རྩལ་དཔལ་འབྱོར་གྱི་དཀྱོགས་མཚམས་སྒྲོལ་བ་དང་མགྱོགས་མྱུར་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་འགྲོ་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། དེ་དང་ཆབས་ཅིག ཆིང་ནུས་བཀོལ་སྤྱོད་ཐད་སྤྱོད་ཡུལ་ཉུང་བ་དང་། ལྗང་མདོག་ཆིང་དཀོན་པ། རིན་གོང་མཐོ་བ་དང་དེ་བཞིན་གསོག་འདྲེན་བྱེད་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ཡོད། ཚོང་ལས་ཀྱི་རྣམ་པ་ད་དུང་གྲུབ་མེད་པ་དང་ཁྲོམ་རའི་དགོས་མཁོ་མུ་མཐུད་སྐོང་དགོས་པར་བརྟེན། རྒྱལ་ཁབ་ཀྱི་ངོས་ནས་མུ་མཐུད་ཤུགས་རྒྱག་པ་དང་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་བཀོལ་སྤྱོད་དང་སྣེ་ཁྲིད་བརྒྱུད“སྤྱོད་པའི”ཁྲོད་གནད་དོན་ཤེས་རྟོགས་དང་ཐག་གཅོད་ཐུབ་པ་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཆིང་གློག་རྫས་རླངས་འཁོར་རིམ་རྩིས་བརྒྱབ་ན། ཁྲི་4ཙམ་བཙོངས་པ་དང་། ཆིང་སྣོན་ས་ཚིགས་574བསྐྲུན་པ། ཆིང་སྣོན་ནུས་པ་ཉིན་རེར་ཏུན་360ལྷག་ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།