དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཆར་འགོད་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བློ་སྒོ་ཆེན་པོ་ཕྱེ་བ།

    ཨའེ་ཏེ་ཧྭ་ཏོ·ལུའེ་ཅ་ལ་ཏོ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-18

    ཀྲུང་གོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱིས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་བཀོད་ཡོད་པས་རྒྱལ་ཁབ་བཅོས་སྐྱོང་གི་བརྒྱུད་རིམ་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ནི་ཀྲུང་གོའི་བཅོས་སྐྱོང་བྱེད་སྟངས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན་པ་དེས་འཕེལ་རྒྱས་ཀྱི་འཆར་འགོད་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད་ལ། ཀྲུང་གོས་འཕེལ་རྒྱས་ལ་བསམ་ཤེས་གཏིང་ཟབ་བྱེད་པའང་མཚོན་ཡོད། འཕེལ་རྒྱས་གཏོང་བར་ལམ་ལུགས་ཀྱི་འགན་ལེན་དང་ཡུན་རིང་རྒྱུན་མཐུད་རང་བཞིན་གྱི་རང་རྟོགས་ལག་ལེན་གཏིང་ཟབ་བྱེད་དགོས་ངེས་རེད།

    དུས་ཡུན་རིང་པོའི་ནང་། ཀྲུང་གོར་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་ཆ་ཚང་ཞིག་རིམ་བཞིན་གྲུབ་ཡོད། མ་ལག་འདིའི་ཁྲོད་འཆར་འགོད་ནི་ལག་རྩལ་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་མ་ཟད། དེ་བས་དུས་ཐུང་དང་། དུས་འབྲིང་། དུས་རིང་བཅས་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་འཆར་འགོད་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལམ་སྲོལ་ཞིག་ཀྱང་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལ་ཆོག་མཆན་སྤྲད་པ་དེ་ཐོག་ནས་འཕེལ་རྒྱས་ཀྱི་འཆར་འགོད་སྤྱི་པའི་བཅོས་སྐྱོང་གི་ལྟེ་བའི་ལྷུ་ཚིགས་སུ་བཅུག་པ་མཚོན་ཡོད། ལམ་ལུགས་རང་བཞིན་གྱི་ལག་ལེན་འདི་རིགས་བརྒྱུད་ཀྲུང་གོས་ཕུགས་ཀྱི་དམིགས་ཚད་དང་མི་རིགས་བསྐྱར་དར་གྱི་འཆར་གཞི་དེ་རྒྱུན་མཐུད་རང་བཞིན་དང་ཆོག་འཐུས་རང་བཞིན་གྱི་ཞིབ་ཕྲའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བསྒྱུར་ཐུབ་རྒྱུ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་འདི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་དོན་སྙིང་གལ་ཆེན་ལྡན་པ་དེས་ཕྱོགས་སྒྱུར་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་འཕར་བའི་གྲུབ་ཆ་ལེགས་སུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་སོགས་ཀྱི་ལས་འགན་གལ་ཆེན་འཁུར་བཞིན་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། ཀྲུང་གོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་པའི་ནན་བཤད་བྱས་ཡོད། ཚན་རྩལ་གསར་གཏོད་ཐད་ཀྲུང་གོས་གསར་གཏོད་ཀྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་འདྲེན་ཕྱེད་གཟུགས་དང་། མི་ཐབས་རིག་ནུས། སྐྱེ་དངོས་ལག་རྩལ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཁག་ཏུ་ཐོན་ལས་ཀྱི་ནུས་པ་མགྱོགས་མྱུར་ཆགས་པར་སྣང་ཆེན་བྱེད་ཀྱི་ཡོད། བསམ་ཕྱོགས་དེས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་བླང་བྱར་དམ་པོར་དམིགས་ཏེ་གསར་གཏོད་ལ་སྐུལ་སྤེལ་དང་། ལྗང་མདོག་ཕྱོགས་སྒྱུར། ཐོན་ལས་རིམ་སྤོར་བཅས་ལ་བརྟེན་ནས་དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུའི་ནན་བཤད་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཐད་བཀོད་སྒྲིག་གསར་པའང་བྱས་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་དཔལ་འབྱོར་གྱི་འབྲེལ་བ་མུ་མཐུད་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་སྤུས་ཚད་དང་ཐོན་ལས་འཁོར་འབྲེལ་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱེད་རྒྱུ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེ་དང་རིམ་པ་མང་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་བ་བརྒྱུད། ཀྲུང་གོས་དེ་བས་བརྟན་པོ་དང་གཉིས་ཁེའི་དཔལ་འབྱོར་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་རྒྱུ་རེད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་ནི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚོང་དོན་འགྲོ་འོང་། ཐོན་ལས་མཉམ་ལས་སོགས་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།

    ཀྲུང་གོས་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་བྱེད་པོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་སྔར་བས་གཏོང་རྒྱུ་རེད། ནང་མཁོ་རྒྱ་ཆེར་གཏོང་བ་དང་། འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕར་བར་སྒུལ་ཤུགས་བསྣན་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཆ་ཆེ་རུ་བཏང་ནས་ཡུན་རིང་བརྟན་པོ་འཕར་བར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དམ་ཡང་ན་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་གང་ཞིག་ཡིན་རུང་ཚང་མར་ཀྲུང་གོས་འཆར་འགོད་དང་ལག་བསྟར་བྱེད་པ་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་དགེ་མཚན་མངོན་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ཀྲུང་གོས་སྔར་བས་འཐུས་སྒོ་ཚང་བའི་འཆར་འགོད་མ་ལག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་རྨང་གཞི་སྔར་བས་བརྟན་པོ་འདིང་བཞིན་ཡོད།

    (རྩོམ་པ་པོ་ནི་ཁུ་པ་རྒྱལ་སྤྱིའི་ཆབ་སྲིད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།