དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་རྒོན་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-18

     གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་རིམ་པ་མང་ཞིང་སྣ་ཁ་མང་བའི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་ཐབས་མང་མཉམ་སྤྱོད་ཀྱིས་བསྐངས་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་རྒན་རྒོན་མཐུན་འཕྲོད་རྣམ་པའི་སྤྱི་ཚོགས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་ཡིབ་ཆུས་ཀྱིས་གྲོང་གསེབ་ཏུ“རོགས་རེས་བདེ་སྐྱིད་གླིང”འཛུགས་པའི་རྣམ་པ་གསར་གཏོད་དང་ཁྱབ་གདལ་བཏང་ཞིང་། ཁེ་ནང་གྲོང་ཚོར“བདེ་སྐྱིད་གླིང་དང་གྲོང་ཚོའི་མཉམ་སྡེབ་ཇ་ཁང”ཟུང་དུ་འབྲེལ་བའི་གཉེར་སྐྱོང་བྱེད་སྟངས་ཐོག་མ་དེ་བཏོད་པ་དང་། ཇ་ཁང་གི་ཡོང་འབབ་ལ་བརྟེན་ནས་བདེ་སྐྱིད་གླིང་གི་གཉེར་སྐྱོང་ལ་ཁ་གསབ་སྤྲད་པས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། གཉེར་སྐྱོང་བྱེད་སྟངས་དེ་ལེགས་གྲུབ་བྱུང་རྗེས་མགྱོགས་མྱུར་ཁྱབ་གདལ་དུ་སོང་ནས། གྲོང་གསེབ་ཀྱི་བདེ་སྐྱིད་གླིང་2022ལོའི་1ནས་2025ལོའི་6བར་མང་དུ་ཕྱིན་ཏེ་ཐག་ཉེ་ས་ནས་མི་ཐེངས་9000ལྷག་ཙམ་ལ་ཞབས་འདེགས་ཞུ་ཐུབ་པ་རེད།

    གྲོང་ཁྱེར་ཁུལ་དུ། བྲག་ཡིབ་ཆུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་བཙུགས་ཤིང་། དེ་ཡང་ལྟེ་གནས་དེར་ཉིན་མོ་འཚོ་སྐྱོང་བྱེད་རོགས་དང་། ལུས་ཁམས་གསོ་ཐབས། རིག་གནས་རོལ་རྩེད། ཁ་ལག་སྟེར་རོགས་དང་གཟུགས་པོ་བཀྲུ་རོགས། སེམས་ཁམས་ལ་དོ་ཁུར་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་ཡོད་པ་དང་། 2025ལོར་མི་ཐེངས་8000ལྷག་ཙམ་ལ་ཞབས་འདེགས་ཞུས་པར་ལོ་དེ་རང་ལ་རང་སྐྱོང་ལྗོངས་ཀྱི་སྐར་མ་རིམ་པ་བཞི་པའི་རྒན་གསོའི་སྒྲིག་གཞིར་བདམས་པ་རེད།

    དེ་དང་དུས་མཚུངས་རྒན་རྒོན་ལ་ཁ་ལག་སྟེར་རོགས་བྱེད་པའི་ཞབས་འདེགས་ཞུ་སྟངས་ཟམ་མི་ཆད་པར་གསར་དུ་བཏོད་པ་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱིས“རྒན་རྒོན་ལ་ཁ་ལག་སྟེར་རོགས་བྱེད་པའི་ས་ཚིགས”ཐོག་མ་དེ་བཏོད་པས་རིམ་གྱིས་གྲོང་ཁུལ་དུ་7དང་གྲོང་གསེབ་ཏུ་6བར་རྒྱ་བསྐྱེད་དུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།