དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་ཟླ་དང་པོ་དང་གཉིས་པར་ལྷ་སའི་ཕྱི་ཕྱོགས་ཚོང་དོན་ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-18

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་དང་པོ་དང་གཉིས་པར། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ལ་མུ་མཐུད་བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཉེར་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་པ་དང་། དུས་མཚུངས་ལས་17.9%འཕར་ནས་འགོ་ཚུགས་བཀྲ་ཤིས་བྱུང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོའི་ཕྱི་ཕྱོགས་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ་དང་། བོད་ཀྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྣེ་འདྲེན་གྱི་སྣེ་ཁྲིད་གནས་བབ་མུ་མཐུད་བརྟན་དུ་ཕྱིན་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2026ལོའི་ཟླ་དང་པོ་དང་གཉིས་པར། ལྷ་ས་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་12.88ཟིན་པ་དེ་དུས་མཚུངས་ལས་17.9%འཕར་ཞིང་། དེས་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་གི་70.5%ཟིན་པ་དང་ལྟེ་བའི་འདེགས་སྐྱོར་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་7.3ཟིན་པ་དང་། ནང་འདྲེན་སྒོར་དུང་ཕྱུར་5.58ཟིན་པ། ཚོང་དོན་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་པ། ནང་འདྲེན་ཚོང་དོན་ཐད་དེ་གོང་གི་ལྡོག་འཕར་རྣམ་པ་རྒྱུན་མཐུད་ཐུབ་པ། ཕྱིར་གཏོང་ཐད་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་གི་གོམ་སྟབས་བརྟན་པོའི་ངང་མགྱོགས་སུ་ཕྱིན་ཡོད། 2026ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་པོ་དང་གྲུབ་ཆ་ལེགས་པོ་ཡོང་བའི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ནས་གནད་སྨིན་ཇུས་བསྟར་བྱས་ཏེ། སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོན་པར་མུ་མཐུད་ཤུགས་སྣོན་བརྒྱབ་ཐོག འགག་སྒོ་ལས་ཁུངས་དང་ཁྲལ་དོན་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་གྱི་འགག་སྒྲོལ་དང་ཟོག་འགྲུལ་ཞབས་ཞུ་ལེགས་སུ་བཏང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཁྲོམ་ར་རྒྱ་སྐྱེད་དང་མངགས་ཐོ་རག་ཐབས་བྱས་ཏེ། རྒྱལ་སྒྲོལ་དྲ་ཚོང་སོགས་ལས་རྣམ་གསར་པ་དང་བྱེད་ཐབས་གསར་པའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་། གཉེར་སྐྱོང་བྱེད་པོའི་འཕེལ་རྒྱས་ཀྱི་གདེང་ཚོད་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།