དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སོ་ནམ་རིག་གནས་རྒྱུན་འཛིན་ལེགས་པར་བྱས། རེ་བའི་ས་བོན་དགའ་བའི་འཛུམ་གྱིས་འདེབས།

    —— རང་ལྗོངས་ཀྱི་ས་གནས་ཁག་གི་གཉའ་གཅོག་མཛད་སྒོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-18

    འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་གཉའ་གཅོག་མཛད་སྒོ་འཚོག་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གི་གཉའ་གཅོག་མཛད་སྒོར་ཡུལ་དེ་གའི་བུད་མེད་ཚོས་ཞིང་ཁར་སོན་གཤོ་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁྲི་ཁང་གྲོང་ཚོའི་གཉའ་གཅོག་མཛད་སྒོ་འཚོག་ཡུལ་ཡིན་པ།

    དཔྱིད་ཟླ་གསུམ་པར་ས་མཐོར་དཔྱིད་རླུང་དལ་བུར་ལྡང་ཞིང་། རང་ལྗོངས་ཀྱི་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དཔྱིད་རྨོད་དཔྱིད་འདེབས་བྱེད་འགོ་ཚུགས་པ་དེ་ནི་ས་མཐོའི་མི་དམངས་རང་བྱུང་ཁམས་ལ་ཉེ་བཅར་བྱེད་པའི་དུས་ཚོད་ཡག་ཤོས་དེ་རེད་ལ། དུས་རབས་གསར་པར་ལོ་ངོ་སྟོང་ཕྲག་མང་པོར་རྒྱུན་འཛིན་བྱས་པའི་སོ་ནམ་རིག་གནས་ལ་སྐྱེ་སྟོབས་རབ་ཏུ་རྒྱས་པའི་དཔང་རྟགས་ཤིག་ཀྱང་རེད།

    ལྷུན་གྲུབ་རྫོང་གི་གཉའ་གཅོག་མཛད་སྒོ་ཆུ་ཁ་བྱང་གྲོང་ཚོར་ཚ་ཚ་འུར་འུར་ངང་འཚོགས་ཤིང་། “རྨོན་མཛོ་དོར་སྦྲེལ”གྱི་སྲོལ་རྒྱུན་གཉའ་གཅོག་མཛད་སྒོས་སོ་ནམ་རིག་གནས་ཀྱི་དྲན་པའི་ཡོལ་བ་སླར་ཡང་ཕྱེ། འདྲུད་འཐེན་འཁོར་ལོའི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས། དེང་རབས་ཅན་གྱི་ཞིང་ལས་འཕྲུལ་ཆས་དང་སྲོལ་རྒྱུན་དམངས་སྲོལ་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལོ་ཧྲིལ་པོར་འབྲུ་རིགས་ལ་ལོ་ལེགས་ཡོང་ཆེད་རེ་བའི་ས་བོན་བཏབ། ལྷ་སའི་འབྲུ་རིགས་ཐོན་ཁུལ་ཆེ་ཤོས་ཨང་དང་པོ་དང“ནས་ཀྱི་ཕ་ཡུལ”ཞེས་གྲགས་པའི་ལྷུན་གྲུབ་རྫོང་གིས་ད་ལོ“ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག”གི་འཐབ་ཇུས་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ནས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ“ལྷ་སའི་འབྲུ་མཛོད”ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།

    དཔྱིད་རྨོད་དཔྱིད་འདེབས་ནི་ལོ་ཧྲིལ་པོར་འབྲུ་རིགས་ལ་ལོ་ལེགས་ཡོང་བའི་རྨང་གཞི་ཡིན་ཞིང་། ད་ལོ་ལྷུན་གྲུབ་རྫོང་གི་གཉའ་གཅོག་མཛད་སྒོར་སྲོལ་རྒྱུན་གྱི་སོ་ནམ་རིག་གནས་དང་དེང་རབས་ཞིང་ལས་ལག་རྩལ་མཉམ་འདྲེས་བྱས་ཏེ་ས་གནས་ས་ཐོག་ཏུ་ཞིང་ལས་ཉམས་ལེན་དང་། ལག་རྩལ་འགྲེམས་སྟོན། ནས་མངགས་ཉོའི་གན་རྒྱ་འཇོག་པ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་ཡོངས་ཀྱིས་ནས་དང་གྲོ་རེས་མོས་ངང་འདེབས་པའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། འབྲུ་རིགས་ཀྱི་འདེབས་ཁྱོན་བརྟན་པོའི་ངང་ཆེ་རུ་གཏོང་བ། ཞིང་ལས་འཕྲུལ་ཆས་ཀྱི་འགན་ལེན་དང་ལག་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ། དཔྱིད་རྨོད་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས། ས་བོན་ཡག་པོ་འདེབས་པ་དང་ཐོན་བརྟན་འབབ་འཕར་ཡོང་བའི་འགན་ལེན་གྱིས་འབྲུ་རིགས་ཀྱི་བདེ་འཇགས་མཐའ་ཚད་བརྟན་པོར་བསྲུང་བཞིན་ཡོད།

    གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་ལུའུ་རུ་གྲོང་ཚོར་བསྐྱར་སྐྲུན་བྱས་པའི་ཁང་པ་གསར་པར་སྤོས་རྗེས་ཀྱི་གཉའ་གཅོག་མཛད་སྒོ་ཐོག་མ་དེ་འཚོགས་ཤིང་། ཞོགས་པ་སྔ་པོར་གྲོང་ཚོ་ཡོངས་ཀྱི་དུད་ཚང་85ཡི་རྒན་དར་གཞོན་གསུམ་གྱིས་གཟབ་མཆོར་ལེགས་པར་སྤྲས་ནས་སྡོད་ཁང་གསར་པའི་འགྲམ་གྱི་ཞིང་ཁར་འཛོམས། རྒྱལ་དར་གསར་རྐྱང་དང་དཀར་གཙང་ཁ་བཏགས་ཀྱིས་བརྒྱན་པའི་འདྲུད་འཐེན་འཁོར་ལོ་དང་སོན་འདེབས་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་40ལྷག་ཙམ་གྱིས་ས་ཡོམ་བརྒྱབ་རྗེས་ཀྱི་ས་ཞིང་དེའི་སྟེང་ལྡིར་སྒྲ་གྲགས། “བཀྲ་ཤིས་བདེ་ལེགས”ཞེས་པའི་སྨོན་འདུན་ཞུ་བའི་སྒྲ་གྲགས་པ་དང་བསྟུན་ནས་ཡུལ་མི་ཚོས་ལྷ་རྒྱལ་འཐེན་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུས།

    གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་གསར་འགོད་པར་གྲོང་ཚོ་ཡོངས་སུ་ཁྱོན་རྨོ་ཞིང་མུའུ་1887ཡོད་པ་དང་ན་ནིང་འབྲུ་རིགས་ལ་ཐོན་འབབ་རྒྱ་མ་ཁྲི་96ལྷག་ཙམ་བྱུང་ཡོད། “ན་ནིང་ས་ཡོམ་གྱིས་ང་ཚོའི་ཁང་པ་རྙིང་པ་གཏོར་བརླག་བཏང་ཡང་ས་ཞིང་ལ་བཅངས་པའི་ང་ཚོའི་རེ་བ་མེད་པ་བཟོ་ཐབས་བྲལ”ཞེས་བརྗོད་པ་དང་། ཁོང་གིས་མི་རིང་བའི་སར་ཡོད་པའི་གྲལ་སྟར་བསྒྲིགས་པའི་ཡོམ་འགོག་གི་བདེ་སྡོད་ཁང་པར་མཛུབ་མོ་བཙུགས་ནས་ད་ཆ་ཁྱིམ་ཚང་ཚང་མ་བདེ་འཇགས་དང་བརྟན་ལྷིང་ལྡན་པའི་ཁང་པ་གསར་པའི་ནང་སྤོས་ཟིན་པས། ད་ལོའི་དཔྱིད་རྨོད་ལ་ཚང་མའི་ངར་ཤུགས་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཁྲི་ཁང་གྲོང་ཚོའི་གཉའ་གཅོག་མཛད་སྒོ་འཚོག་ཡུལ་དུ་ཞིང་འཕྲུལ་གཏོང་མཁན་གྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་མ་ཟད། ཞིང་འཕྲུལ་ལའང་ཁ་བཏགས་དང་རྒྱལ་དར་སོགས་ཀྱི་མཛེས་རྒྱན་སྤྲས་ཏེ་ཞིང་ས་གཤིན་པོ་རྨོས་ནས་དེང་རབས་ཅན་གྱི་ཞིང་ལས་ཀྱི་གྲུབ་འབྲས་ལེགས་པར་མངོན་པ་དང་། ཡུལ་མིའི་འཐུས་མིས་སོན་བཟང་གཤོས་ཏེ་ལོ་ལེགས་ཀྱི་འདུན་པ་ཟབ་མོ་འཆང་། དེ་རྗེས་སྒོར་གཞས་འཁྲབ་པ་དང་རྡོ་སྒོར་རྒྱག་པ་སོགས་ཀྱི་དམངས་སྲོལ་འཁྲབ་སྟོན་དང་རྩལ་འགྲན་རེས་མོས་ཀྱིས་བྱས་པ་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་སྐྱིད་པའི་བྲོ་གར་ལ་རོལ་བའི་རྣམ་པ་ནི་ཧ་ཅང་འཁྲུག་ཆ་དོད།

    ད་ཐེངས་ཀྱི་མཛད་སྒོར་སྲོལ་རྒྱུན་དམངས་སྲོལ་དང་། རིག་གནས་འགྲེམས་སྟོན། དེང་རབས་ཞིང་ལས་འགྲེམས་སྟོན་བཅས་མཉམ་འདྲེས་བྱས་ཡོད་པས་སོ་ནམ་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། ཟངས་རི་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་ཞིང་ལས་དེང་རབས་ཅན་གྱི་ཕན་འབྲས་མངོན་སྟབས་ཞིང་ལས་དར་རྒྱས་དང་གྲོང་ཚོ་སྟོབས་ཆེར་གཏོང་བའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་ཐུབ་ཡོད། ཟངས་རི་རྫོང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། རྫོང་ཡོངས་ཀྱིས་དཔྱིད་རྨོའི་ཐོན་སྐྱེད་ལ་དམ་འཛིན་བྱས་ཏེ་སོན་བཟང་གསོ་སྤེལ་དང་ཞིང་འཕྲུལ་ཁྱབ་གདལ་གཏིང་ཟབ་ཏུ་བཏང་ནས་སྲོལ་རྒྱུན་སོ་ནམ་དང་དེང་རབས་ཞིང་ལས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་འབྲུག་མཆོད་རྟེན་གྲོང་ཚོར་ཡུལ་མི་ཚོས་སོ་ནམ་དུས་ཚིགས་འཐུས་ཤོར་མི་ཡོང་བ་བྱས་ཏེ་པད་ཁ་འདེབས་འཛུགས་བྱས་པ་རེད།

    གཉའ་གཅོག་མཛད་སྒོའི་ཐོག་ཡུལ་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་ཞིང་ནང་དང་མུ་ཁར་འཛོམས་ཤིང་། འདྲུད་འཐེན་འཁོར་ལོ་སོགས་ཞིང་འཕྲུལ་ཡོ་ཆས་གཙང་མར་འཕྱིས་པ་མ་ཟད། ཞིང་འཕྲུལ་ལ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གྱིས་བརྒྱན། ཚང་མས་བང་རིང་པོ་བསྒྲིགས་ཏེ་ཕན་ཚུན་ཕྱེ་མར་བཀྱགས་པ་དང་། དཀར་གཙང་ཁ་བཏགས་གཡོག་པ། ཞིམ་མངར་མཆོད་ཆང་ཞུས་པ། སྨོན་འདུན་ཞུ་རེས་བཅས་བྱས་པ་ལས། ཚང་མའི་ཞལ་ནས་ལོ་ལེགས་ཀྱི་འདུན་པ་བཟང་པོ་ཞིག་མངོན་བཞིན་མཆིས།

    དཔྱིད་དཔལ་རབ་ཏུ་བཞད་པའི་བོད་ཤར་དུ། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། དཔྱིད་རྨོད་དཔྱིད་འདེབས་དེ“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཞིང་ལས་རྒྱུ་ཆ་མཁོ་འདོན་འགན་ལེན་དང་། ལག་རྩལ་ཞབས་ཞུ། ས་ཁོད་སྙོམ་པ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་དཔྱིད་རྨོད་ཐོན་སྐྱེད་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས།

    ཟླ་བ་གསུམ་པ་ཤར་ཚུན། བྲག་གཡབ་རྫོང་གིས་དཔྱིད་རྨོད་དཔྱིད་གྲབས་ཕྱོགས་ཡོངས་ནས་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ཟླ་བཞི་པའི་ཟླ་མཇུག་ཏུ་ལས་དོན་ཚང་མ་ལེགས་གྲུབ་ཟིན་རྒྱུ་རེད། མིག་སྔར། རྫོང་ཡོངས་ཀྱིས་ཞིང་སྤྱོད་རྫས་ལུད་ཏུན་690དང་། ཞིང་སྨན་ཏུན་3.3 སོན་བཟང་ནས་རྒྱ་མ་ཁྲི་22.85བཅས་ཉོ་སྒྲུབ་བྱས་ནས་ཞིང་ལས་རྒྱུ་ཆས་མཁོ་འདོན་འདང་ངེས་དང་སྡེབ་སྐྱེལ་དུས་ཐོག་ཡོང་བའི་འགན་ལེན་བྱས་ཡོད་པ་རེད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དང་ཟུང་འབྲེལ་གྱིས་བྲག་གཡབ་རྫོང་གིས་ཞིང་ལས་འཕྲུལ་ཆས་བེད་སྤྱོད་དང་ཉམས་གསོའི་འགྲན་བསྡུར་བྱས་ཏེ་དཔྱིད་རྨོད་ཐོན་སྐྱེད་ནང་མཉམ་འདྲེས་བྱས་ཤིང་། འགྲན་བསྡུར་མ་བྱས་གོང་གི་གསོ་སྦྱོང་དང་ས་གནས་ས་ཐོག་ཏུ་འགྲན་བསྡུར་བྱས་པ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱིས་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཤེས་པ་མ་ཟད། སྐྱོན་ཆ་ཡང་སེལ་བར་རོགས་རམ་ཐུབ་པ་དང་། “སྐྱོན་ཆ་ཆུང་རིགས་ཉམས་གསོ་བྱེད་རྒྱུར་སྒུག་པ་དང་སྐྱོན་ཆ་ཆེ་རིགས་དགེ་རྒན་སྒུག་པའི”དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་ནས་ཞིང་ལས་འཕྲུལ་ཆས་དཔྱིད་རྨོད་ཀྱི་འགག་རྩའི་དུས་སུ་གོ་ཆོད་པ་དང་། བེད་སྤྱོད་ཐུབ་པ། ཕན་འབྲས་ལེགས་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།