དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉིན་40ཡི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣ་ཕྱོགས་སུ་ཐོན་ཚད་མི་ཐེངས་དུང་ཕྱུར་94.1ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    དཔྱིད་གསར་སྐྱེལ་འདྲེན་གྱི་གྲངས་གཞི་ལས་ཀྲུང་གོའི་གསོན་ཤུགས་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-17

    ཟླ་3ཚེས་13ཉིན། 2026ལོའི་དཔྱིད་གསར་སྐྱེལ་འདྲེན་བདེ་བླག་ངང་མཇུག་འགྲིལ་བ་རེད།

    ཉིན་40ཡི་རིང་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་བའི་མི་སྣ་ཕྱོགས་སུ་ཐོན་ཚད་མི་ཐེངས་དུང་ཕྱུར་94.1ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    འགྱུར་ལྡོག་གསར་པ་རེ་རེ་ལས་ང་ཚོས་དེ་བས་ཕྱོགས་ཡོངས་དང་གསོན་ཤུགས་རྒྱས་པའི་སྐོར་སྐྱོད་ཀྲུང་གོ་ཞིག་མཐོང་ཐུབ།

    འགྲུལ་བཞུད་ཀྱི་གདམ་ག་དེ་བས་མང་བ།

    2026ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་སྒེར་འཁོར་བཏང་ནས་འགྲོ་བ་དེ་སྔར་བཞིན་གདམ་ག་གཙོ་བོར་གྱུར་ཞིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གྱི་འདུ་འཛི་ཆེ་བའི་གྲོང་ཁྱེར་ནས་ཡུན་ཀུའེ་ས་མཐོའི་རི་ལམ་ཀྱག་ཀྱོག་བར་འཁོར་རྟགས་ལྗང་གུ་བསྒར་བའི་རླངས་འཁོར་གང་སར་མཐོང་རྒྱུ་ཡོད་པ་དེ་ནི་དཔྱིད་གསར་སྐྱེལ་འདྲེན་རིང་གི་དུས་རབས་ཀྱི་བག་ཆགས་མངོན་གསལ་དོད་ཤོས་དེར་གྱུར་ཡོད།

    གློག་གསོག་སྒྲིག་ཆས་རིམ་སྤོར་བྱས་པ་ལས་འགྲུལ་བཞུད་ལ་གདེང་ཚོད་རྙེད་ཡོད།

    ཀྲེ་ཅང་ཧང་ཀྲོའུ་ནས་ཉིང་པོ་བར་གྱི་མྱུར་བགྲོད་གཞུང་ལམ་ཡུས་ཡའོ་ཞབས་ཞུ་ཁུལ་དུ་སླེབས་སྐབས་གློག་སྡོང་76སྤྱོད་རྒྱུ་ཡོད་པ་དང་གསར་དུ་བསྣན་པའི་འཕྲལ་སྡོམ་ནུས་གསོག་གློག་གསོག་རླངས་འཁོར་དེ་དག“སྒུལ་བདེའི་གློག་གསོག་འབོ”ལྟར་དུས་དང་རྣམ་པ་ཀུན་ཏུ་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སྐོང་རྒྱུའི་སྟ་གོན་བྱེད་བཞིན་ཡོད་པ་རེད།

    རྒྱལ་ཁབ་གློག་དྲ་ཉིང་པོ་གློག་འདོན་ཀུང་སིའི་ཡུས་ཡའོ་གློག་གསོག་སྒྲིག་བཀོད་ཀྱི་འགན་འཁུར་བ་ཀྲང་ཡུང་ཐའོ་ཡིས“ཞབས་ཞུ་ཁུལ་ནས་ཉིན་རེར་ཆ་སྙོམས་ནུས་རྒྱུ་གསར་པའི་རླངས་འཁོར་ཆིག་སྟོང་ཙམ་ལ་ཞབས་འདེགས་ཞུ་བ་དང་ཉིན་གཅིག་ཁོ་ནར་གློག་གསོག་ཚད་ཆན་ཝ་ཆུ་ཚོད་ཁྲི་4ལྷག་ཙམ་ཟིན་གྱི་ཡོད”ཅེས་བཤད་པ་རེད།

    གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ(རླངས་འཁོར་འཇོག་ས་ཚུད་པ)དུ་གློག་སྒུལ་རླངས་འཁོར་གྱི་གློག་གསོག་སྒྲིག་བཀོད(གློག་གསོག་སྐམ་པ)ཁྲི་7.46བསྐྲུན་ཟིན་པ་དཔེར་ན་2025ལོའི་དཔྱིད་གསར་དུས་ཆེན་རིང་ཁྲི་2.3མང་དུ་བཏང་ཡོད། གློག་གསོག་སྒྲིག་བཀོད་དྲ་བ་ཇེ་མང་དུ་བཏང་ནས་ལྗང་མདོག་འགྲུལ་བཞུད་ལ“ལམ་ཐག་རིང་བའི་སེམས་ཁྲལ”བྱེད་མི་དགོས་པ་བྱུང་ཡོད།

    རླངས་འཁོར་འབབ་ཚུགས་སྒོ་མི་རྒྱག་པའི་རྒྱུ་མཚན་ནི་ཞབས་ཞུ་སྒྲུབ་མཚམས་མི་ཆད་པས་རེད།

    “མཚན་གུང་གི་མྱུར་བགྲོད་མེ་འཁོར་མང་དུ་གཏོང་རྒྱུའི་རེ་འདུན་ཞུས་ཡོད”ཟླ་3ཚེས་12ཉིན་ཀོང་ཏུང་ཧྲེན་ཀྲེན་ནས་ཧྥུའུ་ཅན་ཧྥུའུ་ཀྲོའུ་བར་གྱི་རྗེས་སྣོན་བྱས་པའི་མེ་འཁོར་སྤ་སེ་1486ཟིན་རྗེས་རྒྱལ་ཁབ་ལྕགས་ལམ་ནན་ཁྲང་ཅུས་ཀྱིས་འཕྲལ་མར་མཚན་གུང་གི་མྱུར་བགྲོད་མེ་འཁོར་མང་དུ་གཏོང་རྩིས་བྱས་པ་རེད།

    ཁ་ལོ་བ་དང་མེ་འཁོར་ཞབས་ཞུ་བ་བཀོད་སྒྲིག་དང་མེ་འཁོར་འགྲོ་སྐྱོད་ཀྱི་ལམ་ཐིག་བཟོ་བ་ལ་སོགས་མཚན་གུང་གི་མྱུར་བགྲོད་མེ་འཁོར་ཞིག་ལྕགས་ལམ་12306གི་སྤ་སེ་འཚོང་སའི་ལས་རིམ་ནང་མགྱོགས་མྱུར་བཅུག་ཡོད། རྒྱལ་ཁབ་ལྕགས་ལམ་ནན་ཁྲང་ཅུས་འགྲུལ་སྐྱེལ་པུའི་འགྲུལ་སྐྱེལ་ལག་རྩལ་ཁོའོ་ཡི་འགན་འཁུར་བ་ཅེ་ཧུའེ་ཡིས“ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ང་ཚོས་ཞིབ་བཤེར་ཉམས་གསོའི་སྤུས་ཚད་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་འོག་ཞིབ་བཤེར་ཉམས་གསོ་བྱེད་རྩིས་ཡོད་པའི་མེ་འཁོར་འགྲུལ་པ་སྐྱེལ་བར་བཀོད་སྒྲིག་བྱས་ཏེ་རིམ་རྩིས་བརྒྱབ་ན་མཚན་གུང་དུ་མྱུར་བགྲོད་མེ་འཁོར་ཐེངས་658ཁ་སྣོན་བྱས་ཡོད”ཅེས་བཤད།

    སྤྱི་ལེ་ཁྲི་19.1ཟིན་པའི་མྱུར་བགྲོད་དྲ་བ་དང་། སྤྱི་ལེ་ཁྲི་16.5ཟིན་པའི་ལྕགས་ལམ་དྲ་བ། སྤྱི་ལེ་ཁྲི་5ལྷག་ཙམ་ཟིན་པའི་མྱུར་བགྲོད་ལྕགས་ལམ་གྱི་དྲ་བ། གནམ་ཐང་250ལ་སོགས་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་འགྲིམ་འགྲུལ་དྲ་རྒྱ་ལས་མི་ཐེངས་དུང་ཕྱུར་94ལྷག་ཙམ་གོ་རིམ་ལྡན་པའི་སྒོ་ནས་ཐོན་ཆོག་ཆོག་བྱ་རྒྱུ་བྱུང་བའི་རྒྱུན་རྣམ་ཞིག་ཆགས་ཡོད།

    མཉམ་འཛོམས་བྱེད་སྟངས་དེ་བས་སྣ་མང་ཕུན་སུམ་ཚོགས་པ།

    དེ་སྔ་དཔྱིད་གསར་སྐྱེལ་འདྲེན་ནི་ཡུལ་གཞན་དུ་ཡོད་པའི་བུ་ཕྲུག་རྣམས་ཕ་ཡུལ་དུ་ལོག་པའི་ཕྱོགས་རྐྱང་པའི་འགྲུལ་བཞུད་ཅིག་རེད། ད་ཆ་མཉམ་འཛོམས་བྱེད་སྟངས་དེ་བས་སྣ་མང་ཕུན་སུམ་ཚོགས་པར་གྱུར་ཡོད།

    “ཁ་ཕྱོགས་ལྡོག་པའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན”བྱེད་སྟངས་ནི་རྣམ་པ་གསར་པ་ཞིག་མ་ཡིན།

    ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཁྲེན་རུའོ་ནན་གྱི་ཕ་མ་གཉིས་པོ་ཀན་སུའུ་ལན་ཀྲོའུ་ནས་པེ་ཅིང་དུ་ཡོང་བ་དང་རྡོག་ཁྲེས་ནང་ཁོང་གིས་དགའ་ཤོས་བྱེད་པའི་ལུག་མཉེ་དང་འཐུང་ཇ་སོགས་ལོ་གསར་གྱི་ཁྱད་ལྡན་མཁོ་ཆས་བྱུར་བུར་བླུགས་ཡོད་པ་རེད།

    ཁྲེན་རུའོ་ནན་གྱིས“མཉམ་འཛོམས་བྱེད་པར་ཁ་ཕྱོགས་གཅིག་ཁོ་ན་མ་ཡིན་པར་ཕ་མ་གང་དུ་ཡོད་ཚེ་དེ་གར་ལོ་གསར་གྱི་རྣམ་པ་མྱོང་རོལ་ཐུབ་ཀྱི་ཡོད”“ཁ་ཕྱོགས་ལྡོག་པའི་དཔྱིད་གསར་སྐྱེལ་འདྲེན”བྱེད་སྟངས་དེས་སྤ་སེ་ཉོ་སླ་བ་མ་ཟད་རིན་གོང་ཡང་ཁེ་པོ་འདུག “པེ་ཅིང་དུ་ཡོང་བའི་མི་གཉིས་ཀྱི་སྤ་སེའི་རིན་གོང་དེ་སྔོན་ཆད་ལན་ཀྲོའུ་རུ་འཕུར་བའི་མི་གཅིག་གི་སྤ་སེའི་རིན་གོང་ལས་ཀྱང་དམའ་བ་འདུག”ཅེས་བཤད།

    “ཡུལ་སྐོར་བྱེད་ཞོར་ལོ་གསར་གཏོང་བ”དེ་དར་སྲོལ་གསར་པར་གྱུར་པ།

    “སྔོན་ཆད་རྟག་པར་ཁྱིམ་དུ་ལོ་གསར་གཏོང་གི་ཡོད། ད་ལོ་ས་ཕྱོགས་གཞན་དུ་ཡུལ་སྐོར་ལ་འགྲོ་འདོད་བྱུང”ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཀྲང་ལགས་ཀྱིས་ནང་མི་ཚང་མ་ཁྲིད་ནས་ཡུན་ནན་དུ་ཡོང་བ་དང་། དེ་གར་རླངས་འཁོར་གླས་ཏེ་ཁུན་མིང་ནས་ཏ་ལི་ཡི་ཕྱོགས་སུ་སྤྲོ་གསེང་ལྗོངས་རྒྱུའི་ལྟད་མོར་རོལ། “ཡུལ་ཕྱོགས་གཞན་དུ་རླངས་འཁོར་ཕྱིར་སྤྲོད་བྱེད་པར་དཀའ་ལས་མེད་པའི་ཁར་ཞབས་ཞུའི་གྲོན་དངུལ་ཡང་སྤྲོད་དགོས་ཀྱི་མེད། ལོ་གསར་གྱི་ཚེས་བདུན་ལ་ཐད་ཀར་གནམ་གྲུར་བསྡད་ནས་པེ་ཅིང་དུ་ལོག་པ་ཡིན”ཞེས་བརྗོད།

    འགྲུལ་བཞུད་ཀྱི་ཉམས་ལེན་དེ་བས་སྐྱིད་སྣང་དོད་པ།

    དཔྱིད་གསར་སྐྱེལ་འདྲེན་རིང་གི་དྲོ་སྐྱིད་ཕྱོགས་གང་སར་ཚོར་བ།

    “རྡོག་ཁྲེས་མེད་པར་འབབ་ཚུགས་སུ་འཛུལ་བ་དང་། བག་ཕེབས་ངང་ཁྱིམ་དུ་ལོག”ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་། མེ་འཁོར་G1917ལ་བསྡད་དེ་ཧྲང་ཧའེ་ནས་ཧོ་ནན་གྱི་ལུའོ་དབྱང་དུ་ཡུལ་སྐོར་བྱེད་མཁན་ལིའུ་ཡོན་གྱིས“བག་ཕེབས”ཞབས་ཞུ་ཐེངས་ཤིག་ཉམས་ལེན་བྱས་པ་དང་། ཁོང་གིས་ལྕགས་ལམ་12306ཐོག་ཁ་ཆད་བྱས་ཚེ་ལས་དོན་པས་སྒོ་ཁར་ཡོང་ནས་རྡོག་ཁྲེས་བླངས་ཏེ་འབབ་ཚུགས་སུ་སྐྱེལ་བ་དང་ལུའོ་དབྱང་ལུང་མོན་འབབ་ཚུགས་སུ་འབྱོར་རྗེས་ལས་དོན་པས་རྡོག་ཁྲེས་ཁྱིམ་གྱི་སྒོ་ཁར་བསྐྱལ་ནས“མི་དང་རྡོག་ཁྲེས་མཉམ་དུ་སླེབས་ནས་ཕྱིར་སྐྱོད་པར་ཧ་ཅང་ལས་སླ་པོ་འདུག”ཅེས་བཤད།

    མིག་སྔར“བག་ཕེབས་འགྲུལ་བཞུད”ཀྱི་ཞབས་ཞུ་དེ་འབབ་ཚུགས་111ཏུ་ཚོད་ལྟ་བྱས་ཤིང་། འབབ་ཚུགས་ཉེ་འཁོར་གྱི་སྤྱི་ལེ་35ཡི་སར་ཁྱབ་ཡོད་པ་རེད།

    ཧོ་པེ་ཐང་རྫོང་དུ་ལས་ཀ་བྱེད་བཞིན་པའི་ཀྲང་གཡོད་ལ་མཚོན་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དེ་སྔོན་གྱི“དཀའ་ཚེགས་ཀྱི་ལམ”དེ“སྐྱིད་སྣང་གི་ལམ”དུ་གྱུར་ཡོད་པ་རེད།

    སྔོན་ཆད། ཀྲང་གཡོད་ཕ་ཡུལ་དུ་ལོག་སྐབས་མེ་འཁོར་ཐེངས་གཉིས་བརྗེ་དགོས་པ་དང་ཆུ་ཚོད་4.5ཙམ་འགོར་གྱི་ཡོད། ད་ལོ། པའོ་ཏིང་འགྲིམ་འགྲུལ་ཚོགས་པས་འགྲུལ་སྐྱེལ་འབབ་ཚུགས་12ཀྱི་མཉམ་སྦྲེལ་འགྲུལ་པའི་ཞབས་ཞུ་བཏོད་པ་དང་། དྲ་སྦྲེལ་གྱི་སྤ་སེ་འཚོང་བ་དང“གཅིག་གཏད་གཅིག”གི་སྐྱེལ་འདྲེན་ལ་བརྟེན་ནས་ཆུས་དང་རྫོང་གི་འགྲུལ་པ“བརྗེ་སྡོད་ཐེངས་མང་དང་མ་གནས་མཐོ་བའི”དཀའ་གནད་ཐག་གཅོད་བྱས་པ་རེད།

    འགྲུལ་བཞུད་བྱེད་སྟངས་བརྗེ་བ་དང་། མཉམ་འཛོམས་རྣམ་པ་མང་བ། ཡུལ་སྐོར་ཉམས་ལེན་སྐྱིད་པ་སོགས་2026ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་ཡར་རྒྱས་འགྲོ་ཚུལ་མངོན་ཡོད། སྐོར་སྐྱོད་བྱེད་མི་མང་བའི་ཀྲུང་གོས་མི་དུང་ཕྱུར་14ལྷག་གི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་བརྟན་པོའི་ངང་སྐོང་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།