ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས།
ཨ་རག་རིགས་ཀྱི་ཐོན་རྫས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཆེན་པོ་ཁག་ལྔ་ལ་ཞིབ་བཤེར་ནན་པོ་བྱེད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་ཨ་རག་རིགས་ཀྱི་ཐོན་རྫས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐད་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་བཀོད་སྒྲིག་བྱས་ཏེ། ཨ་རག་རིགས་ཀྱི་ཐོན་རྫས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་དང་འཛད་སྤྱོད་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་པ་རེད།
ད་ཐེངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ནང་དོན་གཙོ་བོ་ཕྱོགས་ལྔའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཡོད་པ་སྟེ། གཅིག་ནི་ཁྲུན་ཀ་པ་དང་བཟོ་ལས་ཆང་བཅུད་ཉིང་ཁུ་སོགས་སྤྱད་དེ་ཨ་རག་རྫུན་མ་ཐོན་སྐྱེད་བྱེད་པ་དང་། ནག་ཚང་དང་ཨ་རག་རྫུན་མ་བཟོ་ཁང་དུ་ཨ་རག་རྫུན་མ་བཟོས་ནས་འཚོང་བ། ཐུམ་སྒྲིལ་རྒྱུ་ཆ་བཙོངས་ནས་རྫུན་བཟོའི་ནང་ཞུགས་པ། ཁྲུན་ཀ་པའི་ཨ་རག་ཉིང་ཁུའི་གཤེར་གཟུགས་ཀྱི་འབར་དངོས་ལ་དོ་དམ་ཡག་པོ་མ་བྱུང་བའི་དབང་གིས་འཐུང་ནོར་ཤོར་ནས་དུག་ཕོག་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དང་། གཉིས་ནི་བཟའ་བྱའི་ཨ་རག་ཉིང་ཁུ་སྦྱོར་རྟ་བྱས་རྗེས་ཨ་རག་དཀར་པོ་དང་། དང་ཐོག་མའི་ཨ་རག་ཉིང་ཁུ། རྒུན་འབྲུམ་ཨ་རག ཤིང་འབྲས་ཨ་རག་སོགས་ཡིན་ཁུལ་བྱེད་པ་དང་། རྒུན་འབྲུམ་གྱི་ཁུ་བ་རྒུན་འབྲུམ་ཨ་རག་ཡིན་ཁུལ་བྱེད་པ། ཞོག་ཁོག་རིགས་དང་མངར་ཆ་དང་སྦྲང་རྩི་སོགས་བཟའ་བྱའི་ཨ་རག་ཉིང་ཁུས་འབྲུ་རིགས་ཀྱི་བཟའ་བྱའི་ཨ་རག་ཉིང་ཁུ་ཡིན་ཁུལ་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད། གསུམ་ནི་ཨ་རག་དཀར་པོ་དང་རྒུན་འབྲུམ་ཨ་རག་སོགས་ལ་བཟའ་བཅའི་སྦྱོར་རྟ་ཤུགས་ཆེན་པོ་བྱས་པ་དང་། ལུས་གསོའི་ཨ་རག་སོགས་ལ་བཟའ་བཅའི་སྦྱོར་རྟ་ཚད་ལས་བརྒལ་བ། སྦྱོར་བཟོའི་ཨ་རག་དང་། རླངས་སྒྱུར་དྭངས་འབྱེད་ཨ་རག་གཞན་དག སྦི་རག་སོགས་ལ་ཁྲིམས་འགལ་གྱིས་བཟའ་བྱའི་དངོས་རྫས་མ་ཡིན་པ་སྦྱོར་རྟ་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད། བཞི་ནི་ཐོ་བཀོད་ཚོང་རྟགས་དང་ས་ཁམས་མཚོན་རྟགས་ཀྱི་བདག་དབང་ལ་གནོད་འཚེ་བཏང་བ་དང་མི་གཞན་ལ་ཤུགས་རྐྱེན་ངེས་ཅན་བཟོ་བའི་ཚོང་ཟོག་གི་མིང་དང་། ཐུམ་སྒྲིལ། མཛེས་བཟོ་སོགས་གཅིག་པའམ་ཡང་ན་ཧ་ལམ་འདྲ་བའི་མཚོན་རྟགས་རང་དགར་སྤྱད་པ་དང་། སྤུས་ཚད་ཀྱི་མཚོན་རྟགས་དང་། ཐོན་རྫས་ཀྱི་ཐོན་ཁུངས། མི་གཞན་གྱི་བཟོ་གྲྭའི་མིང་དང་གནས་ཡུལ་སྤྱོད་པ་སོགས་རྫུན་བཟོ་བྱས་པའམ་ཡང་ན་ཧམ་རྫུས་བྱས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད། ལྔ་ནི་ཐོན་རྫས་ཀྱི་ཤོག་བྱང་ཐོག་རིམས་ནད་སྔོན་འགོག་དང་སྨན་བཅོས་བྱེད་ནུས་ལྡན་པ་འུད་སྒྲོག་བྱེད་པ་དང་། ཏང་སྲིད་ལས་ཁུངས་དང་དམག་དཔུང་གི་མིང་ཐོག་ནས“དམིགས་བསལ་མཁོ་སྤྲོད”དང་། “ཆེད་མངགས་མཁོ་སྤྲོད” “ནང་ཁུལ་མཁོ་སྤྲོད”ཀྱི་དྲིལ་བསྒྲགས་རྫུན་མ་བྱས་ཏེ་ཐོན་རྫས་ལ་མཚམས་སྦྱོར་བརྡ་ཁྱབ་རྫུན་མའམ་ཡང་ན་ཚོང་ལས་ཀྱི་དྲིལ་བསྒྲགས་རྫུན་མ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྤེལ་བ་བཅས་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།