དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འཛམ་གླིང་ཟང་ཟིང་ཆེ་བའི་སྐབས་སུ་ཀྲུང་གོས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་པ”

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་ལེང་། ཏུའུ་ཅོན།   |     སྤེལ་དུས།  2026-03-17

    དཔྱིད་ཀ་ཤར་བ་དང་བསྟུན་ནས་སྐྱེ་དངོས་ཐམས་ཅད་ལ་གསོན་ཤུགས་རབ་ཏུ་རྒྱས། “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པ་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་འཛམ་གླིང་གིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “དཔྱིད་ཀའི་ཁ་ཆད”དེ་དང་བསྟུན་ནས་རྒྱལ་ཁབ་མང་པོའི་མི་སྣས“ཀྲུང་གོའི་བཅོས་སྐྱོང”གི་གསང་བ་འཚོལ་ཞིབ་བྱེད་པའམ་ འབྱུང་འགྱུར་གྱི་འཕེལ་ཕྱོགས་གསར་པ་ཤེས་རྟོགས་བྱེད་པ། དུས་རབས་གསར་པར་ཀྲུང་གོ་དང་འཛམ་གླིང་དབར་མཉམ་འགུལ་གཏིང་ཟབ་བྱེད་པའི་འགག་རྩའི་དྲིས་ལན་འཚོལ་གྱི་ཡོད།

    ཨ་ཀེན་ཐིན་གྱི《དུང་བརྡ་ཚགས་པར》གྱི་དྲ་ཚིགས་སུ“འཛམ་གླིང་ཟང་ཟིང་ཆེ་བའི་སྐབས་སུ་ཀྲུང་གོས་འབྱུང་འགྱུར་ལ་སྣེ་ཁྲིད་བྱེད་པ”ཞེས་པ་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་བའི་ནང“སྒྲོ་འདོགས་སྤུ་ཙམ་མེད་པར་བརྗོད་ན་ཀྲུང་གོར་ལྷག་པའི་དོན་དག་ཡོད་དོ་ཅོག་ལས་འཛམ་གླིང་ལ་འགྱུར་ལྡོག་མང་པོ་བྱུང་སྲིད་ལ། གཏན་འབེབས་ཚང་མ་ལས་མི་ཚང་མར་ཐད་ཀར་རམ་ཡང་ན་གཞན་བརྒྱུད་ཀྱི་ཤུགས་རྐྱེན་ཡང་ཐེབས་སྲིད”ཅེས་འཁོད་ཡོད།

    “འཆར་གཞི་གཅིག་མཐའ་འཁྱོལ་ཡོང་བར་བྱེད་པའི་ངེས་ཤུགས”

    མི་དམངས་ཚོགས་ཁང་ཆེ་མོར་འཐུས་མི་དང་ཨུ་ཡོན་ཚོའི་མིག་ལམ་དུ་ཡིག་འབྲུ་ཁྲི་7ལྷག་ཙམ་དང་ལེ་ཚན་18ཡོད་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་འཆར་ཟིན་མངོན་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་ཡོད།

    སི་ཕེན་ཀྲེ་ཧྭ་སློབ་ཁང་གི་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ནས་ད་ཐེངས་ཀྱི་ཀྲུང་གོའི་ཚོགས་འདུ་གཉིས་རྒྱལ་སྤྱིའི་དུས་བབ་ལ་གཡོ་འགུལ་ཐེབས་བཞིན་པའི་སྐབས་འཚོགས་ཤིང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ནི་འགག་རྩའི་ཐ་སྙད་ཅིག་རེད། ལམ་ཐིག་གསར་པས་ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་ཐབས་ལམ་གསལ་པོ་སྟོན་ཡོད་པ་དེ་ནི་2035ལོར་སླེབས་སྐབས་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕུགས་ཀྱི་དམིགས་ཚད་གཞི་རྩའི་ཆར་མངོན་འགྱུར་བྱེད་པར་གལ་འགངས་ཆེན་པོ་ཞིག་ཡིན་ཞེས་བསྟན་ཡོད།

    ཟླ་3ཚེས་8ཉིན་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་དམིགས་ནས་གྲོས་ཞིབ་ནན་ཏན་དང་གྲོས་བསྡུར་འཁྲུག་པོ་གནང་ཡོད། ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་རྒྱལ་སྤྱིའི་གནད་དོན་གྱི་མཁས་དབང་ལའེ་སྨི·ཉི་ཝུན་ཀེ་ས·མུའུ་ལ་ཁུའུ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཁྲིམས་འཛུགས་རྣམ་པའི་ཐོག་ནས་འཕེལ་རྒྱས་འཆར་འགོད་འགན་ལེན་བྱེད་པའི་ཀྲུང་གོའི་བྱེད་ཐབས་དཔྱད་གཞིར་འཛིན་ཆོག་པ་དང་དམིགས་སའི་རང་བཞིན་ལྡན་པའི་འཐབ་ཇུས་དང་། བཅོས་སྐྱོང་ནུས་ལྡན། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་བརྟེན་ནས་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་ཆོག་པའི་ངོས་འཛིན་བྱས་པ་རེད།

    ལམ་ལུགས་ཀྱི་མཉེན་ཆ་དང“སྔོན་དཔག་ཐུབ་པའི་རང་བཞིན”

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་གོམ་པ་རེ་རེ་བཞིན་མངོན་འགྱུར་བྱུང་བ་ཞིག་རེད། “རྗེས་སུ་འབྲང་ནས་རྒྱུག་པ”ནས“མཉམ་དུ་རྒྱུག་པ”དང“སྣེ་ཁྲིད་ནས་རྒྱུག་པའི”བར་ཀྲུང་གོའི་བཟོ་ལས་དང་ཚན་རྩལ་གྱི་འཕེལ་རྒྱས་དེ་ཧང་སངས་དགོས་པའི་མྱུར་ཚད་ཐོག་ནས་རྒྱ་སྐྱེད་ཐུབ་ཡོད། ཚོགས་འདུ་གཉིས་རིང་རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དང་ལྟ་ཞིབ་པས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱབ་ཕྱོགས་ཀྱི་ལམ་ལུགས་ཀྱི་མཉེན་ཆ་དང་ལག་བསྟར་ནུས་པར་དོ་སྣང་བྱུང་ཡོད།

    ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་གི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་གྱིས་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་དུས་ཡུན་འབྲིང་རིང་གི་འཆར་འགོད་ནང“སྲིད་ཇུས་ཀྱི་ཁ་ཕྱོགས་དང་། འཕེལ་རྒྱས་ཀྱི་དམིགས་ཚད། སྒྱུར་བཅོས་ཀྱི་ཐབས་ལམ”བཅས་ཁ་གསལ་བཟོས་པ་དེ་ནི་ཕྱི་ཕྱོགས་ལ“སྔོན་དཔག་ཐུབ་པའི་རང་བཞིན”མངོན་པར་བྱས་པ་ཞིག་རེད་ཅེས་བརྗོད།

    མཉམ་ལས་གཉིས་ཕན་གྱི་མཐོང་རྒྱ་དང་གནས་བབ།

    “སྒོ་དབྱེ་མཉམ་སྤྱོད་ཀྱི་འདུ་ཤེས་ལ་བརྟེན་ནས་རྒྱལ་ཕམ་གྱི་བསམ་གཞིགས་སེལ་བ”དང་། “ཟང་ཟིང་གི་འཛམ་གླིང་ལ་ཁ་ཕྱོགས་སྟོན་པ”“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྐུལ་འདེད་དེ་བས་ཤུགས་ཆེན་གཏོང་བ”སོགས་ཚོགས་འདུ་གཉིས་རིང་ཕྱི་རྒྱལ་གྱི་མཁས་དབང་དང་ལྟ་ཞིབ་པ་ཚོས་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་འཛམ་གླིང་གི་དོན་སྙིང་ལ་གདེང་འཇོག་དེ་ལྟར་བྱས་ཡོད།

    སར་པི་ཡའི་རྒྱལ་དམངས་གྲོས་ཚོགས་ཀྱི་དབྱི་ཀྲང་གཞོན་པ་ལ་ཀུའུ་ཧྲེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཚོགས་འདུ་གཉིས་ཀྱི་སྐར་ཁུང་བརྒྱུད་ཀྲུང་གོས་གོ་ལ་ཧྲིལ་པོར་རང་ཉིད་ཀྱི་འཕེལ་རྒྱས་འདུ་ཤེས་དང་འབད་འཐབ་དམིགས་ཚད་མངོན་པར་བྱས་ཏེ། རྒྱལ་ཁབ་གཞན་དང་མཉམ་ལས་གཉིས་ཕན་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དེ་ནི་འཛམ་གླིང་ལ་མཁོ་བ་ཞིག་རེད་ཅེས་བརྗོད།

    འཇར་མན་གྱི《འཛམ་གླིང་ཚགས་པར》གྱི་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ནས་འབྱུང་འགྱུར་ལོ་ལྔའི་སྤྱི་ཁོག་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་བྱེད་པ་ནས་མི་ཐབས་རིག་ནུས་དང་། འཕྲུལ་མིའི་ལག་རྩལ། ལྗང་མདོག་ཚན་རྩལ་སོགས་འབྱུང་འགྱུར་ཐོན་ལས་ལ་མ་འཇོག་ཤུགས་ཆེན་བྱེད་པའི་བར་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དེ་ནི་འཛམ་གླིང་ལ་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་པས“གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཤུགས་རྐྱེན”ཐེབས་རྒྱུ་རེད་ཅེས་འཁོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།