ཨོར་པན་གྱིས་ཡོ་རོབ་མནའ་འབྲེལ་ལ་ཨུ་རུ་སུར་ནུས་རྒྱུ་བཀག་སྡོམ་བྱེད་མཚམས་འཇོག་དགོས་པའི་རེ་འབོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧང་ག་རིའི་ཙུང་ལི་ཨོར་པན་གྱིས་ཡོ་རོབ་མནའ་འབྲེལ་ལ་ཨུ་རུ་སུར་ནུས་རྒྱུ་བཀག་སྡོམ་བྱེད་མཚམས་འཇོག་དགོས་པ་དང་འབྲེལ་བསྐྱར་དུ་ཞིབ་ལྟ་བྱེད་དགོས་པའི་རེ་འབོད་བྱས་པ་མ་ཟད། སྣུམ་རིན་འཕར་བ་དང་མཁོ་སྤྲོད་མཚམས་ཆད་པ་དེས་ས་ཁུལ་གྱི་ནུས་རྒྱུའི་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཐ་ཚིག་བསྒྲགས་པ་རེད།
ཚེས་9ཉིན་ཨོར་པན་གྱིས་འབྲེལ་ལམ་སྨྱན་སྦྱོར་དུ་བརྙན་ཐུང་བཏང་ནས་ཡུག་རེན་གྱི“རྡོ་སྣུམ་བཀག་སྡོམ”དང་དབུས་ཤར་ས་ཁུལ་གྱི་ཉིན་བཞིན་ཛ་དྲག་ཏུ་འགྲོ་བའི་དུས་བབ་ཀྱི་དབང་གིས་ཧང་ག་རིའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་འཕར་འགོ་ཚུགས་ཡོད། ཧང་ག་རི་སྲིད་གཞུང་གིས་ངེས་པར་དུ་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང“ཉོ་མ་ཐུབ་པའི་ཚད”དུ་སླེབས་རྒྱུ་བཀག་འགོག་བྱེད་དགོས་ཞེས་བརྗོད་པ་རེད།
ཨོར་པན་གྱིས་ཡུག་རེན་གྱི་ཙུང་ཐུང་ཙེ་ལེན་སི་ཅིས“རྡོ་སྣུམ་མདོང་ལམ་བཀག་པ”དེས་ཧང་ག་རི་དང་སི་ལོ་ཝ་ཁེ་ཡ་དང་ཐ་ན་ཡོ་རོབ་མནའ་འབྲེལ་ཧྲིལ་པོར་ཉེན་ཁ་ཚབས་ཆེན་བཟོས་ཡོད་ཅེས་བརྗོད་ཅིང་། ཁོང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་ལ་འཕྲིན་ཡིག་སྤྲིངས་ནས་ཡོ་རོབ་མནའ་འབྲེལ་གྱིས་ཨུ་རུ་སུར་ནུས་རྒྱུར་བཀག་སྡོམ་བྱ་རྒྱུར་བསྐྱར་དུ་བསམ་གཞིག་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད་ཅེས་བརྗོད་པ་རེད།
ཟླ་1ཚེས་27ཉིན་ནས་བཟུང་། “མཛའ་གྲོགས”ཀྱི་སྣུམ་འདྲེན་མདོང་ལམ་ཡུག་རེན་དུམ་བུས་ཡོ་རོབ་ཏུ་ཨུ་རུ་སུའི་མ་བཅོས་རྡོ་སྣུམ་གནས་སྐབས་འདྲེན་མཚམས་བཞག་ཡོད། ཧང་ག་རིས་དེའི་ཐད་ཡིད་མི་རུང་བའི་རྣམ་འགྱུར་བསྟན་པ་མ་ཟད། ཡུག་རེན་ཕྱོགས་ལ་ཁག་དཀྲི་བྱས་ཡོད། དེ་དང་ཆབས་ཅིག་འཛམ་གླིང་དབུས་ཤར་གྱི་དུས་བབ་རྒྱུན་མཐུད་ཛ་དྲག་ཏུ་ཕྱིན་པར་བརྟེན་ཧོར་མུའུ་ཙེ་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་ལ་འགོག་རྐྱེན་འཕྲད་ནས་ནུས་རྒྱུ་མཁོ་སྤྲོད་ཀྱི་ཉེན་ཁ་ཆེ་རུ་ཕྱིན་པ་དང་རྒྱལ་སྤྱིའི་སྣུམ་རླངས་ཀྱི་རིན་གོང་ཉེ་དུས་ཆེས་ཆེར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།