ཡོང་འབབ་ལྗིད་ཏིག་ཏིག བཞིན་རས་འཛུམ་འཚེར་འཚེར།
—— ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་རྡོལ་རྒས་གྲོང་ཚོར་ཁེ་སྤོགས་བགོ་འགྲེམས་བརྒྱབ་པའི་སྐོར་བཀོད་པ།
དགུན་དུས་ཀྱི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ཉི་འོད་ལམ་ལམ་དུ་འཚེར་མོད། འོན་ཀྱང་ཞོགས་པའི་དུས་སུ་སྔར་བཞིན་གྲང་ཟུག་ཆེ་ཙམ་ཡོད།
རྡོལ་རྒས་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམས་རྒྱག་པའི་ཉིན་མོར་ཡུལ་མི་ཚོས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཤིང་བཟའ་བཅའ་སྣ་ཚོགས་ཁྱེར་ནས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོ་ཨུ་ལྷན་དུ་ཡོང་བ་དང་། ཇ་བསྲུབས་མའི་དྲི་ཞིམ་གྱི་ཁྲོད་དུ་ཡུལ་མི་ཚོའི་རེ་སྒུག་གི་འཛུམ་མདངས་མངོན་བཞིན་ཡོད་པ་རེད།
ཉིན་དེར་རྡོལ་རྒས་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་425བགོ་བགྲེམས་བརྒྱབ་པ་དང་། དུད་ཚང་107ལ་རང་ཉིད་ལ་དབང་བའི་ཐོན་ལས་དེའི་འབྲས་བུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
ཡོང་འབབ་སྒོར་1400ནས་22888བར་འཕར་བའི་འཕོ་འགྱུར་གྱི་ལམ་བུ།
དེ་ཡང་། 2012ལོའི་གོང་དུ་རྡོལ་རྒས་གྲོང་ཚོ་ནི་དཔལ་མགོན་རྫོང་གི་དཔེ་མཚོན་གྱི་དབུལ་ཕོངས་གྲོང་ཚོ་ཞིག་རེད།
“སྐབས་དེ་དུས་གྲོང་ཚོའི་ནང་དབུལ་ཕོངས་དུད་ཚང་མང་བ་དང་། མི་ཕལ་ཆེ་བ་ནི་མ་མཐའི་འཚོ་བ་འགན་སྲུང་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་བསམ་གྲུབ་དར་རྒྱས་ཀྱིས་བཤད་པ་དང་། ཁོང་གིས“མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1400ཙམ་ལས་མེད”ཅེས་བཤད།
འཕོ་འགྱུར་ནི་2012ལོར་བྱུང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་དང་རྫོང་གི་རྒྱབ་སྐྱོར་འོག གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་དེ་རྡོལ་རྒས་གྲོང་ཚོའི་འབྲོག་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཀྲི་པུས་སྣེ་ཁྲིད་དང་། མཉམ་ལས་ཁང་གིས་གཉེར་སྐྱོང་། ཐོན་ལས་ཀྱིས་མང་ཚོགས་ཕྱུག་པོ་ཆགས་པར་བྱེད་པ་བཅས་ཀྱི་ལམ་བུ་གསར་པ་བཏོད་པས། འབྲོག་ལས་གྲོང་ཚོ་དེའི་ལས་དབང་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད།
མཉམ་ལས་ཁང་གིས་ས་གནས་དེ་གའི་འབྲོག་ལས་ཀྱི་ཐོན་ཁུངས་ནས་འགོ་བཙུགས་ཏེ་རིམ་གྱིས་ས་བབ་མཐོ་བའི་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། མོན་འདོང་རྟ་རའི་གསོལ་མགྲོན་ཁང་། མོན་འདོང་རྟ་རའི་ཇ་ཁང་། ཚོང་ཟོག་སྣ་མང་ཚོང་ཁང་། བོད་ཟས་ཟ་ཁང་། མི་རིགས་ལག་ཤེས་བཟོ་ལས་ཀྱི་འཚེམ་བཟོའི་རྟེན་གཞི། ཁྱད་ལྡན་ལུག་སྡོམ་གསོས་རྟེན་གཞི། ཞིང་འབྲོག་པའི་ཨར་ལས་རུ་ཁག་བཅས་ཐོན་ལས་བརྒྱད་དུ་རྒྱ་སྐྱེད་བཏང་བ་དང་། ཐོན་ལས་ཚང་མ་ས་ཆ་དེར་རྦད་དེ་གཞི་ཚུགས་ཡོད་པ་རེད།
གྲངས་འཛིན་ལས་འཕོ་འགྱུར་ཅི་འདྲ་བྱུང་མིན་རྟོགས་ཐུབ། དེ་ཡང་2024ལོར་མཉམ་ལས་ཁང་ལ་སྤྱིའི་ཡོང་འབབ་སྒོར་ཁྲི་1327.55བྱུང་བ་དང་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ནི་2012ལོའི་སྒོར་1400ནས་2024ལོའི་སྒོར་22888བར་འཕར་ཡོད་པ་རེད།
2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་1218.41བྱུང་བ་དེ་ལོ་གོང་མ་ལས་ཉུང་དུ་ཕྱིན་པའི་རྒྱུ་མཚན་དྲིས་པས་ན། གྲོང་སྡོད་ཆེད་བསྐོས་པ་ཉི་མ་ཆོས་སྒྲོན་གྱིས“གྲོང་ཚོར་མ་དངུལ་ཕོན་ཆེན་བཏང་ནས་དོན་ཆེན་ཞིག་བསྒྲུབས་པས་རེད”ཅེས་ཤོད་ཀྱི་འདུག
“རྦད་དེ་མོས་མཐུན་ཡོད། ཚང་མ་ཐོན་ལས་ལ་བརྟེན་ནས་ཡོང་འབབ་གསོག་འདོད་ཡོད”
ཐོན་ལས་འཕེལ་རྒྱས་གཏོང་བར་མ་དངུལ་རྒྱུན་ཆད་མེད་པར་གཏོང་བ་དང་གསར་གཏོད་རྒྱུན་ཆད་མེད་པར་བྱེད་དགོས། 2025ལོར་གྲོང་ཚོས་བློ་ཁོག་ཆེན་པོས་མ་དངུལ་སྒོར་ཁྲི་500ལྷག་ཙམ་བཏང་ནས་རྫོང་གྲོང་དུ་ས་ཆ་ཞིག་ཉོས་ཏེ། མོན་འདོང་རྟ་རའི་གསོལ་མགྲོན་ཁང་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་རྒྱུའི་སེམས་ཐག་བཅད་པ་རེད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནུབ་རྒྱུད་དུ་ཡུལ་སྐོར་སྐྱོད་པའི་ཚ་རླབས་འཕྱུར་བ་དང་བསྟུན། དཔལ་མགོན་རྫོང་དུ་ཡུལ་སྐོར་བ་ཞག་སྡོད་བྱེད་པའི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། མགྲོན་ཁང་རིམ་སྤོར་བྱེད་པ་ནི་རྡོལ་རྒས་གྲོང་ཚོས་ཁྲོམ་རའི་དགོས་མཁོ་དང་བསྟུན་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་རེད། དེ་དང་ཆབས་ཅིག་མཉམ་ལས་ཁང་གི་ལེགས་ཆ་གཞན་ཞིག་ཀྱང་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།
གྲོང་ཚོའི་མཉམ་སྡེབ་ཀྱི་ཐོན་ལས་རྣམ་གྲངས་ལ་བརྟེན་ནས་རྫོང་གྲོང་གི་ཁྲོམ་ར་དང་གྲོང་ཚོའི་མཚེར་སའི་དབར་འབྲེལ་བ་དམ་ཟབ་བཙུགས་ཡོད། བྱེད་སྟངས་དེས་མ་གནས་དམའ་རུ་ཕྱིན་ཁར་སྤུས་ཚད་དེ་བས་འགན་ལེན་ཐུབ་པ་མ་ཟད། ད་དུང“མོན་འདོང་རྟ་ར”ཞེས་པའི་ཚོང་རྟགས་ཤིག་ཀྱང་གྲུབ་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོར་རྡོལ་རྒས་གྲོང་ཚོའི་ཟ་ཁང་ལ་ཡོང་འབབ་སྒོར་ཁྲི་189ཙམ་དང་གསོལ་མགྲོན་ཁང་ལ་ཡོང་འབབ་སྒོར་ཁྲི་113ཙམ་བྱུང་ནས་འབྲོག་ལས་གཉེར་སྐྱོང་གི་ཁ་གསབ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཧྲུའུ་ཅི་གསར་པའི་སེམས་ཁྲལ་དང་ཇུས་འགོད།
མི་རིང་བའི་གོང་གི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེ་དུས། 1994ལོར་སྐྱེས་པའི་འཇིགས་མེད་རྡོ་རྗེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད། འབྲིང་རིམ་ཆེད་ལས་སློབ་གྲྭ་ཐོན་རྗེས་གཞན་ཡུལ་དུ་ལས་ཀ་བྱེད་མྱོང་ཡོད་པ་དང་ཕྱིས་སུ་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་ཡུལ་དུ་ལོག་མཁན་ཕོ་གཞོན་དེའི་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པ་སུ་ཡིས་ཤེས།
“སེམས་ཁྲལ་ཧ་ཅང་ཆེན་པོ་འདུག ཡུལ་མི་ཚང་མས་བལྟས་ནས་བསྡད་ཡོད། ཚང་མའི་སྣེ་ཁྲིད་དེ་མུ་མཐུད་འབད་བརྩོན་བྱས་ནས་ཚང་མ་ཕྱུག་པོ་ཆགས་ཐུབ་པ་བྱེད་ཀྱི་ཡིན”ཞེས་འཇིགས་མེད་རྡོ་རྗེས་བཤད།
ཁེ་སྤོགས་བགོ་འགྲེམས་རྒྱག་པའི་ཉིན་དེར་འཇིགས་མེད་རྡོ་རྗེས་དགའ་སྤྲོ་རབ་ཏུ་འཁོལ་བའི་ཡུལ་མི་ཚོར་ལྟ་བཞིན་དུ“རྒན་རབས་པ་ཚོས་རྨང་གཞི་ཡག་པོ་འདི་འདྲ་ཞིག་བཏིང་ཡོད་པས་ང་ཚོ་ན་གཞོན་ཚོས་རྒྱུན་བསྐྱངས་ནས་དེ་བས་ཀྱང་ཧུར་ཐག་འབད་ཐག་བྱེད་དགོས”ཞེས་བཤད།
ཁེ་སྤོགས་བགོ་འགྲེམས་བརྒྱབ་ཟིན་རྗེས། གྲོང་ཚོའི་ཕོ་གཞོན་མོ་གཞོན་ཚོས་སྤྲོ་སྣང་ལྡན་པའི་སྒོར་གཞས་འཁྲབ་འགོ་ཚུགས། ལུས་ཀྱི་སྟངས་སྟབས་འཁྲུག་ཅིང་། བཞིན་གྱི་འཛུམ་མདངས་མཚར་ལ་གླུ་སྒྲ་ནི་དེ་བས་རྣ་བར་སྙན་ཞིང་འཇེབས།
གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་རྡོལ་རྒས་གྲོང་ཚོས་ལོ་14ཡི་དུས་ཚོད་སྤྱད་དེ་འབྲོག་ལས་གྲོང་ཚོར་བྱུང་བའི་འཕོ་འགྱུར་གྱི་གཏམ་རྒྱུད་ཅིག་བརྩམས་ཡོད་པ་དང་། སྒོར་ཁྲི་425ཡི་ཁེ་སྤོགས་བགོ་འགྲེམས་དང་ཡུལ་མི་ཚོའི་ཟོལ་མེད་ཀྱི་འཛུམ་མདངས་ནི་གཏམ་རྒྱུད་དེར་གསོན་ཉམས་དོད་ཤོས་དང་དྲོ་སྐྱིད་ལྡན་ཤོས་ཀྱི་ཞབས་མཆན་བཏབ་པ་ཞིག་ཅི་ལ་མིན།
འབྲེལ་ཡོད་གསར་འགྱུར།