ཕུགས་འདུན་འདི་ལྟ་བུ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།
【གཏམ་རྒྱུད】
ཀུན་བཟང་ཆོས་སྒྲོན་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་དགེ་རྒན་ཞིག་ཡིན། 2010ལོར། ཁོང་གིས་རང་འགུལ་ངང་སློབ་འབྲིང་དཀྱུས་མ་ཞིག་ནས་དམིགས་བསལ་སློབ་གསོ་སློབ་གྲྭར་ལས་སྒྱུར་བྱས་ཤིང་། ལོ་བཅུ་ལྷག་ཙམ་ཉིན་གཅིག་ལྟར་འགྱུར་མེད་ཀྱི་བརྟན་སྲུང་བྱས་ཏེ། ཞབས་བྲོར་བརྟེན་ནས་རྣ་ཤེས་ཉམས་པའི་ཕྲུ་གུར་འཛམ་གླིང་ལ་སྐྱོད་པའི་སྐར་ཁུང་ཞིག་བསྐྲུན། “ཁོ་ཚོ་རྣ་བས་མི་ཐོས་ཀྱང་སེམས་ཀྱིས་མྱོང་ཚོར་ཐུབ” ཁོང་གི་ངོས་ནས་བརྗོད་ན། ཞབས་བྲོ་ནི་མཛེས་དཔྱད་སློབ་གསོའི་འབྲེལ་ཟམ་ཞིག་དང་འདྲ་བར་ཕྲུ་གུ་ཚོས་མཛེས་པར་བཅངས་པའི་རེ་འདོད་སྐོང་ཐུབ།
རྣ་ཤེས་ཉམས་པའི་ཕྲུ་གུས་ཞབས་བྲོ་ཇི་ལྟར་སྦྱོང་དགོས་སམ་ཞེ་ན། ལག་ཐོཌ་ཁ་པར་གྱི་གློག་འོད་ལ་བརྟེན་ནས་དབྱངས་ཀྱི་འགྱུར་ཁུག་ཤེས་པར་བྱས་ཏེ་ངལ་དུབ་ལ་མ་འཛེམ་པར་ཡང་སྦྱོང་བསྐྱར་སྦྱོར་བྱེད་ཀྱི་ཡོད་སྟབས། ཀུན་བཟང་ཆོས་སྒྲོན་གྱི་འབད་བརྩོན་ལྷོད་མེད་འོག དབྱངས་ཀྱི་འགྱུར་ཁུག་དག་སྒྲ་མེད་ཀྱི་འཇིག་རྟེན་དུ་ཡང་ཤེས་ཚོར་ཐུབ་ཡོད། ཕྲུ་གུ་ཚོས་དབྱངས་ཀྱི་འགྱུར་ཁུག་དང་སྟུན་ནས་སྟངས་སྟབས་ཡངས་པའི་ཞབས་བྲོ་འཁྲབ་སྐབས། དེ་ནི་ཞབས་བྲོའི་སློབ་ཚན་ཞིག་ཙམ་མ་ཟད། གཏིང་ཟབ་པའི་ཚེ་སྲོག་གི་སློབ་ཚན་ཞིག་དེ་བས་ཀྱང་ཡིན་ཏེ། དབྱངས་སྒྲ་མི་ཐོས་ཀྱང་གླུ་དབྱངས་ཀྱི་མཛེས་པ་བརྒྱུད་སྤྲོད་ཐུབ་ནས་ཚེ་སྲོག་ལ་ཤེས་ཚོར་ཐུབ་པ་དང་། མཉམ་སྒྲོག་ཐུབ་པ། མཚོན་ཐུབ་པ་བཅས་ཀྱི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད།
དམིགས་བསལ་སློབ་གསོའི་དོན་སྙིང་ཡང་དེ་གར་ལྡན་ཡོད། ཡིད་ཆེས་དེ་འདྲ་བཅངས་ཏེ་ཀུན་བཟང་ཆོས་སྒྲོན་གྱིས་སློབ་མ་ཚོའི་སྣེ་ཁྲིད་ནས་ཞུམ་མེད་ཀྱི་སྙིང་སྟོབས་ལས་གཞན་དང་མི་འདྲ་བའི་རྒྱུགས་ལན་ཞིག་ཕུལ་ཡོད། སྔོན་ཆད་འཚེར་སྣང་ཆེ་བ་དང་ངོ་ཚ་སྨིན་པའི་ཕྲུ་གུ་དག་རིམ་གྱིས་ཡིད་ཆེས་དང་བག་ཡངས་སུ་གྱུར། སློབ་གྲྭས“གངས་ལྷ་མེ་ཏོག”དབང་སྐྱོན་སྒྱུ་རྩལ་ཚོགས་པ་བཙུགས་པར་འགྲན་བསྡུར་ཁྲོད་ཨང་དང་པོ་ཐེངས་མང་ཐོབ་པ་དང་། སློབ་མ་ཁ་ཤས་ཀྲུང་གོ་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པའི་ཞོར་གཏོགས་སློབ་གྲྭར་སློབ་སྦྱོང་བྱེད་དུ་བསྐྱོད་པ་དང་། སློབ་མ་ཁ་ཤས་ཁྲང་ཁྲུན་སློབ་ཆེན་དམིགས་བསལ་སློབ་གསོ་སློབ་གླིང་གི་ཞབས་བྲོ་འཁྲབ་སྟོན་ཆེད་ལས་ལ་ཚུད་པ་སོགས་གཏམ་རྒྱུད་རེ་རེ་ལས“སྒྲུབ་མི་སྲིད་པའི”ཕུགས་འདུན་ཇི་ལྟར་བྱས་ནས་ལེགས་སྒྲུབ་བྱས་པ་ཤེས་ཐུབ། ཕྲུ་གུ་ཚོའི་འགྱུར་ལྡོག་ལས་སློབ་གསོར་རིགས་མི་དབྱེ་བ་དང་སྣོད་བསྟུན་སློབ་ཁྲིད་ཀྱི་དོན་སྙིང་ར་སྤྲོད་ཐུབ་ཡོད་པ་དང་། སློབ་གསོའི་དོན་སྙིང་ནི་ཚེ་སྲོག་ཚང་མར་རང་ཉིད་ལ་དབང་བའི་སྐད་ཡིག་དང་འོད་ཟེར་སྦྱིན་རྒྱུ་དེའོ།
དབང་སྐྱོན་ཕྲུ་གུར་འདྲ་མཉམ་གྱི་སྒོ་ནས་སློབ་གསོ་སྤུས་ལེགས་ཐོབ་པར་བྱས་ཏེ་རང་ངོས་འཕེལ་རྒྱས་གཏོང་བ་དེ་ནི་སློབ་གསོ་དྲང་གཞག་གི་བླང་བྱ་ཙམ་མ་ཟད། སྤྱི་ཚོགས་དྲོད་འཁོལ་གྱི་མཚོན་ཚུལ་ཡང་ཡིན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དམིགས་བསལ་སློབ་གསོར་འཕེལ་རྒྱལ་ཆེན་པོ་བྱུང་ཡོད་དེ། མ་དངུལ་འབོར་ཆེན་བཏང་ནས་དམིགས་བསལ་སློབ་གསོའི་སློབ་གྲྭར་རྒྱབ་སྐྱོར་དང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་ནས་ལག་རྩལ་ལ་བརྟེན་ཏེ་སློབ་སྦྱོང་བྱེད་སྐབས་ཀྱི་འགོག་རྐྱེན་སེལ་བའི་བར་དང་། སྤྱི་ཚོགས་ཀྱི་འདུ་ཤེས་རིམ་གྱིས་འགྱུར་ལྡོག་སོང་བའི་བར། ཐུགས་ཁུར་དང་བསྟུན་མཁས་དེ་ཉིན་རེ་ལས་མ་འདས་པར་ཐུན་མོང་གི་ངོས་འཛིན་དུ་གྱུར་ནས། དབང་སྐྱོན་ཕྲུ་གུ་དེ་བས་མང་བ“སློབ་གྲྭར་སྐྱོད་ཐུབ་པ”དང“སློབ་སྦྱོང་ཡག་པོ་བྱེད་ཐུབ་པ”ནས། རང་བཀུར་དང་གདེང་ཚོད་ཆེ་རུ་ཕྱིན་པ་དང་འཚོ་ཐབས་ཀྱི་ལག་རྩལ་སྣ་གཅིག་ཤེས་ཏེ། སྤྱི་ཚོགས་ལ་ཞུགས་པའི་ལམ་བུ་ཡངས་སུ་དང་སྤྱི་ཚོགས་ལ་ཞུགས་པའི་འཇོན་ཐང་དེ་བས་ཆེ་རུ་ཕྱིན་ཡོད།
གལ་ཏེ་ལམ་ལུགས་དང་ལག་རྩལ་འཐུས་སྒོ་ཚང་དུ་སོང་བ་དེས་དབང་སྐྱོན་སློབ་མར་སློབ་གསོ་ཐོབ་པའི་ལས་སྟེགས་བསྐྲུན་པ་ཡིན་ཞེས་བརྗོད་ན། དམིགས་བསལ་སློབ་གསོའི་དགེ་རྒན་ནི“མཐའ་མའི་འགག་གནད”སེལ་མཁན་གྱི་འགག་རྩའི་འབྲེལ་ཟམ་དང་གཉིས་སུ་མེད། ཁོང་རྣམས་ནི་ཤེས་རིག་སློབ་མཁན་ཙམ་མ་ཟད། སེམས་ཁམས་ཀྱི་ལོ་ཙཱ་བ་དང་གཏིང་ཤུགས་འཚོལ་ཞིབ་བྱེད་མཁན་ནི་དེ་བས་ཀྱང་ཡིན། ཀུན་བཟང་ཆོས་སྒྲོན་གྱིས“ཕྲུ་གུ་ཚོ་རྣ་བས་མི་ཐོས་ཀྱང་སེམས་ཀྱིས་མྱོང་ཚོར་ཐུབ་པ”དང་། ཕྲུ་གུའི་དགེ་མཚན་སྔོག་འདོན་ཧུར་ཐག་བྱས་ན། གཞི་ནས་ཁོ་ཚོ་རྣ་ཤེས་ཉམས་པའི་བཀག་རྒྱ་ལས་སྒྲོལ་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་པ་དང་། དོ་ཁུར་བྱ་ཡུལ་གྱི་གཙོ་གནད་དེ་སྐྱོན་ཆ་ཁ་གསབ་ནས་དགེ་མཚན་འཕེལ་རྒྱས་གཏོང་བའི་བར་དང་། སྙིང་རྗེའི་ལྟ་རྟོག་ནས་འཚར་ལོངས་ཡོང་རོགས་བྱེད་པའི་བར་བསྒྱུར་པ་དང་། དེའི་ནང་འདུས་པའི་ཡིད་ཆེས་དང་ངང་རྒྱུད་རིང་པོ་དེ་མ་གཞི་ནས་ཆེས་ཆེ་བའི་སློབ་གསོའི་སྟོབས་ཤུཌ་ཤིག་ཡིན། དམིགས་བསལ་སློབ་གསོའི་དགེ་རྒན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེ་རུ་བཏང་སྟེ། ཆེད་ལས་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ནས། སློབ་གསོར་རིགས་མི་དབྱེ་བ་དང་སྣོད་བསྟུན་སློབ་ཁྲིད་བྱས་ན། ཕྲུ་གུ་ཚོར་དེ་བས་རྒྱ་ཆེ་བའི་འཚར་ལོངས་བྱ་ཡུལ་ཞིག་བསྐྲུན་ཐུབ་ངེས་ཡིན།
ཕྲུ་གུ་ཚོ་གར་སྟེགས་ཐོག་སྟངས་སྟབས་ཡངས་པའི་ཞབས་བྲོ་འཁྲབ་སྐབས། ཁོ་ཚོས་སྟངས་སྟབས་གཅིག་ཡང་སྦྱོང་བསྐྱར་སྦྱོང་མང་པོ་བྱས་པ་ལས་ཁོ་ཚོའི་དཀའ་ངལ་མདུན་དུ་མགོ་མི་སྒུར་བའི་སྙིང་རུས་དང་། ཡར་རྒྱས་གོང་འཕེལ་འགྲོ་འདོད་ཀྱི་སེམས་ཤུགས་མཐོང་ཐུབ། དེ་ནི་སྐད་སྒྲ་མེད་པའི་འཇིག་རྟེན་ནས་གྲགས་པའི་ང་རོ་ཞིག་ཡིན། ཕུགས་འདུན་འདི་ལྟ་བུ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་།
འབྲེལ་ཡོད་གསར་འགྱུར།