ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་ལེན་བསྟར་བར་དོན་སྙིང་གལ་ཆེན་ལྡན་པ།

འདི་ནི་ཀྲུང་གོའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་འགྲེམས་ཚོགས་ཀྱི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ཐོག་མི་རྣམས་ཀྱིས་སེ་ནེ་ཀལ་གྱི་ཚོང་ཟོག་འགྲེམས་གནས་སུ་ཚོང་སྒྲིག་བཞིན་པ།
ཉིན་ཤས་གོང་། སེ་ནེ་ཀལ་ཇུས་འདོན་ཚོགས་པ་ཐིང་པ་ཁེ་ཐུའུ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་པཱ་ཁ་ལི·སང་པུའུ་ཡིས་མོ་རོ་ཁོའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་ཨ་ཧྥེ་རི་ཁས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྐུལ་མ་ཐེབས་རྒྱུ་མ་ཟད། མིག་སྔའི་རྒྱལ་སྤྱིའི་དུས་བབ་འོག་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་རིན་ཐང་ཆེན་པོའང་མངོན་རྒྱུ་རེད་ཅེས་བརྗོད་པ་རེད།
སང་པུའུ་ཡིས། བྱེད་ཐབས་དེས་ཨ་ཧྥེ་རི་ཁའི་ཐོན་རྫས་ཀྲུང་གོའི་ཁྲོམ་རར་གཏོང་བའི་བར་མཐོངས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས“ཞིང་ལས་ཐོན་རྫས་དང་། གཏེར་ཁའི་ཐོན་རྫས། དེ་བཞིན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་རྫས་ཁག་གཅིག”བཅས་ཀྲུང་གོར་ཕྱིར་གཏོང་བྱེད་པར་སྐུལ་ཁྲིད་བྱ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།
ཁོང་གིས། བྱེད་ཐབས་དེས“ཀྲུང་ཧྥེའི་འབྲེལ་བའི་ཁྲོད་ཀྱི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ནུས་པ་གལ་ཆེན་སྔར་བས་སྲ་བརྟན་དུ་ཕྱིན་ནས”ལྷོ་ལྷོ་མཉམ་ལས་ཟབ་ཏུ་འགྲོ་རྒྱུ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གི་ཚོང་དོན་སྲུང་སྐྱོང་རིང་ལུགས་མགོ་བོ་འདེགས་པའི་རྒྱབ་ལྗོངས་འོག ཀྲུང་གོ་ཕྱོགས་ཀྱིས་ཁྲོམ་རའི་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུ་མ་ཟད། ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པར་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངོས་སྒྲུབ་ཀྱི་རྣམ་འགྱུར་མངོན་པར་བྱ་རྒྱུ་རེད་ཅེས་བརྗོད།
སང་པུའུ་ཡིས། སྒོ་ཁྲལ་མེད་པ་དེས་ཨ་ཧྥེ་རི་ཁའི་ཐོན་ལས་འཕེལ་རྒྱས་ལ་གོ་སྐབས་འཕྲད་རྒྱུ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་ཆེ་རུ་དང་ཟོག་འགྲེམས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཚེ། བཟོ་ལས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ཅེས་ནན་བཤད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།