ཀྲུང་གོས་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་མུ་མཐུད་འཛམ་གླིང་ལ་སྣེ་ཁྲིད་བྱས་པ།

མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ཐད་ཀྲུང་གོས་མུ་མཐུད་འཛམ་གླིང་ལ་སྣེ་ཁྲིད་བྱས་ཤིང་། ཁྱབ་ཁོངས་དེའི་ནང་བསྡུར་ཐབས་བྲལ་བའི་འཕེལ་རྒྱས་ཀྱི་མྱུར་ཚད་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་ཀྲུང་གོས་འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལ་གོ་ལ་ཧྲིལ་པོའི་ཚད་གཞི་གསར་པ་བཏོད་ཡོད། 2025ལོར། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དྲ་རྒྱ་ཡིས་ལམ་ཚད་རྡོ་རིང་གལ་ཆེན་མང་པོ་བཏོད་ནས་གོ་ལ་ཧྲིལ་པོའི་ལྕགས་ལམ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་སྟོབས་ཆེན་གྱི་གནས་བབ་སྔར་བས་བརྟན་དུ་བཏང་ཡོད། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་ལ་མུ་མཐུད་མ་དངུལ་བཏང་བའི་ཁར་བློ་ཁོག་ཆེ་བའི་འཕེལ་རྒྱས་འཆར་གཞི་བཀོད་པས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ལྕགས་ལམ་ལས་རིགས་ཀྱི་མདུན་གྲལ་དུ་གནས་པའི་འགན་ལེན་ཐུབ་ཡོད། ཟིན་ཐོ་བཏོད་པའི་འགྲུལ་རྒྱུན་མི་གྲངས་དང་དེ་བཞིན་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བའི་ལྕགས་ལམ་དྲ་རྒྱར་བརྟེན་ནས། ཀྲུང་གོའི་ལྕགས་ལམ་ཁོངས་གཏོགས་ཀྱིས་མྱུར་བགྲོད་ལྕགས་ལམ་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་གསར་བརྗེ་ཞིག་བྱེད་བཞིན་ཡོད།
2025ལོར། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་སྐྱེལ་འདྲེན་ལམ་ཐག་སྤྱི་ལེ་ཁྲི་5ཡི་འགག་སྒོ་ཆེན་པོ་ལས་བརྒལ་ཞིང་། ལྕགས་ལམ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མུ་མཐུད་མ་དངུལ་བཏང་བ་དེས་འབྱུང་འགྱུར་ལོ་འགའི་རིང་ཀྲུང་གོ་ནི་སྔར་བཞིན་ཁྱབ་ཁོངས་དེའི་རྒྱལ་ཁབ་སྟོབས་ཆེན་ཨང་དང་པོ་ཡིན་པའི་འགན་ལེན་བྱས་ཡོད།
གཉེར་སྐྱོང་ལམ་ཐག་འཕར་བ་ཕུད་ཀྲུང་གོའི་ལྕགས་ལམ་ཁོངས་གཏོགས་ཀྱིས་ཞབས་འདེགས་ཞུ་བའི་འགྲུལ་པའི་གྲངས་འབོར་ཡང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད་པ་དེ་ཐོག་ནས་ལྕགས་ལམ་ལ་བརྟེན་ནས་ཕྱིར་སྐྱོད་བྱེད་པའི་མི་རྣམས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་གི་ཡོད་པ་མཚོན་ཡོད།
ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དྲ་རྒྱ་ནི་གོ་ལ་ཧྲིལ་པོའི་ཆེ་ཤོས་ཡིན་པ་མ་ཟད། ལག་རྩལ་ཡང་ཆེས་སྔོན་ཐོན་ཡིན། ཀྲུང་གོས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་མྱུར་བགྲོད་ལྕགས་ལམ་མ་ལག་བསྐྲུན་ནས་ས་ཁུལ་ཁག་སྦྲེལ་ཞིང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་མ་ལག་གི་གཞི་ཁྱོན་ཆེན་པོ་དང་སྔོན་ཐོན་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་ལྕགས་ལམ་ཡུལ་སྐོར་ལ་ཚད་གཞི་གསར་པ་བཙུགས་ཡོད།
ཀྲུང་གོ་སྲིད་གཞུང་གིས་ལྕགས་ལམ་དྲ་རྒྱའི་འཕེལ་རྒྱས་དང་འཐུས་ཚང་ལ་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོ་ཁོ་ནར་ཀྲུང་གོས་ལྕགས་ལམ་དྲ་རྒྱར་སྤྱི་ལེ་2000ཡན་གྱི་ལམ་ཐིག་གསར་སྣོན་བྱ་རྩིས་ཡོད་པ་དང་། 2030ལོར་སླེབས་སྐབས། ཀྲུང་གོས་ལྕགས་ལམ་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་18ཙམ་བར་རྒྱ་ཆེ་རུ་གཏོང་རྩིས་ཡོད་པ་དང་། དེའི་ནང་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་སྤྱི་ལེ་ཁྲི་6ཙམ་ཟིན་ཡོད། དེ་ལས་གོ་ལ་ཧྲིལ་པོའི་མྱུར་བགྲོད་ལྕགས་ལམ་གྱི་སྣེ་ཁྲིད་པ་ཡིན་པའི་ཀྲུང་གོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་ནས་འགྲུལ་པ་ཕྱོགས་ཐོན་ལ་གདམ་ག་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་རེད།
—— ཨ་རིའི《འཛམ་གླིང་བསྐོར་བ》ཞེས་པའི་དུས་དེབ་ཀྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།