མཚོ་སྔོན་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱས་ཏེ།
ཕྱར་བ་གྲུ་འདེགས་ཀྱིས་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་པ།
སློབ་ཚན་གྲོལ་བའི་དྲིལ་བརྡ་གྲགས་མ་ཐག མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་དགུང་ཟས་དུས་ལ་སླེབས་པ་དང་། སློབ་གོས་གྱོན་པའི་གཞོན་ནུ་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་དགུང་ཟས་ཟ་བར་སླེབས།
སྔོ་ཚལ་ཤ་བརྔོས་རླངས་པ་འཚུབ་འཚུབ་བྱེད་པ་དང་ཤ་མོག་གི་དྲི་ཞིམ་གང་སར་འཐུལ། “ཉེ་ཆར་ཞག་ཚིལ་ཉུང་བའི་ཚལ་རིགས་དང་ཚགས་ཤའི་ཅའོ་ཙི་མང་དུ་བཏང་བར་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་སློབ་གྲྭའི་ཟ་ཁང་གི་འགན་འཁུར་བ་ཞུས་ཁའེ་ཅན་གྱིས་བཤད།
ལོ་རིམ་བདུན་པའི་སློབ་མ་རྟ་མགྲིན་དབང་མོས་སྔོ་ཚལ་བརྔོས་མ་དང་འབྲས་བླུགས་པའི་ཕོར་པ་ལག་ཏུ་བཟུང་སྟེ“དེ་གོང་འབྲོག་ཁྱིམ་དུ་དགུན་ཁར་མང་ཆེ་བ་རྩམ་པ་དང་ཤ་ཟ་བ་ལས་འབྲས་དང་སྔོ་ཚལ་ཧ་ལམ་ཟ་རྒྱུ་མེད། ད་ཆ་འབྲས་གང་འདོད་དུ་ཟ་རྒྱུ་འདུག”ཅེས་བཤད། ཚ་སོབ་སོབ་ཀྱི་ཁ་ལག་འདི་འདྲ་ཟ་རྒྱུ་བྱུང་བ་ནི་མཚོ་སྔོན་ཞིང་ཆེན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་སློབ་གྲྭའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཕྱོགས་ཡོངས་ལ་ཁྱབ་པར་འཚོལ་ཞིབ་ཧུར་ཐག་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དེ་ལས་ཧྲང་ཧའེ་ཡི་ཁ་གཏད་རོཌ་སྐྱོར་གྱི་དྲོ་སྐྱིད་མངོན་ཡོད།
ཁ་ལག་བཟས་ཚར་རྗེས་རྟ་མགྲིན་དབང་མོས་གསར་འགོད་པ་སློབ་ཁྲིད་ཐོག་ཁང་དུ་ཁྲིད། སློབ་ཁྲིད་ཐོག་ཁང་གི་རིག་གནས་གྱང་ངོས་སུ“ཧྲང་ཧའེ་དང་མགོ་ལོག”ལག་གདང་སྦྲེལ་བའི་བྱེད་སྒོའི་པར་མང་པོ་སྦྱར་འདུག་པ་དེའི་ནང་ཁོང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་རིང་གི་པར་ཞིག་ཀྱང་འདུག “ས་འོག་མེ་འཁོར་ལ་སྡོད་ཐེངས་དང་པོ་ཡིན་ལ་ཧྲང་ཧའེ་ཡི་མཚན་ལྗོངས་མཛེས་པོ་འདི་འདྲའང་མཐོང་ཐེངས་དང་པོ་ཡིན”ཞེས་རྟ་མགྲིན་དབང་མོས་བཤད།
རོལ་དབྱངས་སློབ་ཁང་ནང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་མཚོ་སྐྱོར་ལས་དོན་ས་ཚིགས་ཀྱི་ཧུའུ་ཅུན་གྱིས་སློབ་མ་ཚོར་སློབ་ཚན་ཁྲིད་བཞིན་འདུག གཞོན་ནུ་ལོ་ཆུང་གི་རོལ་དབྱངས་ཚོགས་པ་དེ་ཐོག་མའི་མི་བཅུ་ལྷག་ཙམ་ནས་ད་ལྟའི་མི་96བར་མང་དུ་ཕྱིན་ཡོད།
“དེ་གོང་ང་ཚོས་སློབ་མ་ཚོ་ཁྲིད་ནས་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་སློབ་གྲྭ་བཙུགས་པའི་དུས་ཆེན་གྱི་འཁྲབ་སྟོན་ལ་ཞུགས་པ་མ་ཟད། པེ་ཅིང་དུ་ཕྱིན་ནས་རོལ་དབྱངས་ཞིབ་འཇུག་སློབ་སྦྱོང་ཡང་བྱས་པ་ཡིན”ཞེས་ཧུའུ་ཅུན་གྱིས་བཤད་པ་དང་། ཡང་ཁོང་གིས། ཚུར་ལོག་རྗེས་སློབ་མ་ཚོའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་པའི་ཁར་སེམས་ཁམས་དང་གར་སྟེགས་ཐོག་གི་འཁྲལ་རྩལ་བཅས་ཚང་མར་ཡང་འགྱུར་ལྡོག་ཆེན་པོ་བྱུང་སོང་ཞེས་བཤད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཙེང་ཆང་གིས“རོལ་དབྱངས་ནི་སྦྲེལ་ཟམ་ལྟ་བུ་ཡིན་ལ‘བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོ་ཞིག’ཀྱང་ཡིན”ཞེས་བཤད། ཕྲུ་གུ་ཚོས་རོལ་དབྱངས་ཁྲོད་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མྱོང་ཚོར་ཟབ་མོ་ཐུབ་ཡོད།
ལོ་དྲུག་རིང་མཚོ་སྐྱོར་ཟམ་མི་ཆད་པར་རྒྱུན་མཐུད་བྱས་ཤིང་། ཧྲང་ཧའེ་སློབ་གསོའི་མཚོ་སྐྱོར་ཚོགས་པས་ཡུལ་གཞན་དུ་ཞག་སྡོད་ལམ་ལུགས་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་དེའི་ནང་དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་སློབ་གཉེར་ཐབས་ལམ་ཞིག་འཚོལ་ཞིབ་བྱས་པ་སྟེ། མི་ཐབས་རིག་ནུས་ཚོད་ལྟ་ཁང་ནས་སྐྱེ་ཁམས་ཚན་རིག་ཁྱབ་གདལ་རྟེན་གཞིའི་བར་དང་། དེ་ནས“སྐོར་སྐྱོད་སློབ་ཁང”གི་ཞིབ་འཇུག་སློབ་སྦྱོང་བར་ཕྲུ་གུ་ཚོས་བྱ་ཐབས་དེ་བས་མང་བའི་ཐོག་ནས་ཕ་ཡུལ་ཤེས་རྟོགས་ཐུབ་པར་བྱས་ཡོད།
མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཝང་ཝུའེ་ཆིང་གིས“སློབ་གྲྭ་དེའི་མཐོ་རྒྱུགས་སྐབས་དངོས་གཞིའི་ཚན་ཁག་ཏུ་ཡིག་རྒྱུགས་འཕྲོད་ཚད་2022ལོའི་སྐབས་ཀྱི་68.22%ནས་2025ལོའི་སྐབས་ཀྱི་91.2%བར་འཕར་བ་དང་སློབ་མ་བཅུ་ཕྲག་ཁ་ཤས་མཐོ་སློབ་གྲགས་ཅན་གྱིས་བསྡུས་འདུག”ཅེས་བཤད་པ་དང་། ཡང་ཁོང་གིས། 2024ལོར་སློབ་གྲྭར“རྒྱལ་ཡོངས་སློབ་གསོ་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།
“ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང‘ལུས་རྩལ་དང་། མཛེས་དཔྱོད་སློབ་གསོ། ངལ་རྩོལ་སློབ་གསོ། སེམས་ཁམས་བདེ་ཐང་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་དགོས’ཞེས་བཏོན་ཡོད། ང་ཚོས‘བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་པོར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་བའི’ལོ་གསུམ་གྱི་འཆར་གཞི་བཟོས་ཏེ། སློབ་མའི་ཀུན་སྤྱོད་སློབ་གསོ་དང་། གོམས་གཤིས་སློབ་གསོ། ཕུགས་བསམ་དང་དད་སེམས་སློབ་གསོ་བཅས་ལ་ཤུགས་སྣོན་རྒྱག་གི་ཡིན” ཙེང་ཆང་གིས་སྤུས་ལེགས་སློབ་གསོའི་ཐོན་ཁུངས་དེ་བས་མང་བ་འདི་གར་མཉམ་སྤྱོད་ཐུབ་པ་དེས་ཕྲུ་གུ་ཚང་མར་འོད་ཟེར་སྟོང་ལྡན་གྱི་མི་ཚེའི་ལམ་བུ་གཏོད་པའི་སྐལ་བ་ལྡན་པའི་རེ་བ་བྱེད་ཀྱི་ཡོད།
སློབ་གྲྭ་གཅིག་ལས་ས་གནས་གཉིས་ཀྱི་བརྩེ་བ་ཟབ་མོ་མངོན། འདི་གར་ཁོང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ཕྲུ་གུ་ཚོའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།