2026ལོར་ཚན་རིག་ཁྱབ་གདལ་སྐོར་སྐྱོད་རླངས་འཁོར་གྱིས་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྟོང་ཕྲག་སྤེལ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་ཀྲུང་གོ་ཚན་རྩལ་འགྲེམས་སྟོན་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་ཚན་རིག་ཁྱབ་གདལ་སྒྲིག་བཀོད་ཀྱི་གནད་སྨིན་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ཤིང་། 2026ལོར། ཚན་རིག་ཁྱབ་གདལ་སྐོར་སྐྱོད་རླངས་འཁོར་གྱི་གནད་སྨིན་ཞབས་ཞུ་དེ་རྒྱལ་ཡོངས་ཀྱི་ཚན་རིག་སློབ་གསོའི་ཐོན་ཁུངས་ཁ་ཐང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་13དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་90ལ་ཁྱབ་རྒྱུ་མ་ཟད། སྔོན་དཔག་བྱས་ན། ཚན་རིག་ཁྱབ་གདལ་བྱེད་སྒོ་ཐེངས་1080སྤེལ་ཏེ་ཚན་རིག་ཁྱབ་གདལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་རེད།
རྣམ་གྲངས་དེས“སྐོར་སྐྱོད་ཚན་རིག་ཁྱབ་གདལ་གྱི་རྒྱང་ལམ་གསར་པར་བསྐྱོད། སྐོར་སྐྱོད་འགྲེམས་སྟོན་སློབ་གསོས་གྲོང་གསེབ་ལ་དྲོ་སྐྱིད་སྦྱིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་སྤུས་ལེགས་ཐོན་ཁུངས་དང་ཞབས་ཞུའི་གཙོ་གནད་གསར་བརྗེའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དཔལ་འབྱོར་དར་རྒྱས་འགྲོ་འགོར་བའི་ས་ཁུལ་བཅས་ལ་ཕྱོགས་རྒྱུ་དང་། ཞབས་ཞུའི་ས་ཚིགས་60%ཡན་ཤང་དང་གྲོང་རྡལ་དུ་བཙུགས་ནས་ཚན་རིག་ཁྱབ་གདལ་གྱི་སྐོར་སྐྱོད་རླངས་འཁོར་རྒྱ་ཆེ་བའི་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་དང་སྡེ་ཁུལ་དུ་བསྐྱོད་རྒྱུ་རེད།
ཚན་རྩལ་ཁྱབ་གདལ་སྐོར་སྐྱོད་རླངས་འཁོར་འགྲེམས་སྟོན་གྱི་ནང་དོན་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་སྟེ། སྲོལ་རྒྱུན་གྱི་རྨང་གཞིའི་ཚན་རིག་འགྲེམས་སྟོན་ཕུད། ད་དུང་ཀྲུང་གོ་ཚན་རྩལ་ཁང་གིས་གསར་གཏོད་ཞིབ་བཟོ་བྱས་པའི་བརྗོད་དོན་གཙོ་བོ་མང་པོའི་འགྲེམས་སྟོན་ཁ་གསབ་བྱས་པའི་ནང་ཚན་རྩལ་ལག་རྩལ་དང་། ཚེ་སྲོག་བདེ་ཐང་། རིག་ལྡན་འཚོ་བ་སོགས་རིག་ཚན་མང་པོ་ཡོད་པས། གཞི་རིམ་སྤྱི་དམངས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་སྣ་མང་དགོས་མཁོ་བསྐངས་ཡོད། དེ་དང་ཆབས་ཅིག་ལད་མོ་བྱས་པའི་འཕུར་སྐྱོད་དང་མེ་ཤུགས་འཕུར་མདའ་སྒྲིག་སྦྱོར་སོགས་ལྷན་སྦྱར་ཁྱད་ལྡན་སློབ་གསོའི་བྱེད་སྒོ་སྤེལ་ནས་ལྟད་མོ་བ་བྱེད་སྒོའི་ནང་ཞུགས་སྐབས་ཚན་རིག་གི་རྩ་བའི་རིགས་པ་ཤེས་རྟོགས་དང་སྤྲོ་སེམས་འཕེལ་ཐུབ་པ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།