དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས་དུས་ཚིགས་དང་པོའི་ཞིང་འབྲོག་ལས་དཔལ་འབྱོར་འགོ་ཡག་པོ་འཛུགས་པར་ཧུར་ཐག་གཞོལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-16

    ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྒྱབ་ཚ་གྲོང་ཚོར་ཞིང་འཕྲུལ་གྱི་ལྡིར་སྒྲའི་ཁྲོད་ལོ་གསར་པའི་དཔྱིད་འདེབས་འགོ་ཚུགས་ཤིང་། མིག་སྔར་མཚོ་སྔོན་གྱིས་གོ་རིམ་ལྡན་པའི་ངང་དཔྱིད་འདེབས་བྱེད་བཞིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་ཞིང་འབྲོག་ལས་ཀྱི་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་68.13སྔ་སྣུར་དུ་གཤམ་སྤྲོད་བྱས་པས། ས་མཐོའི་འབྲོག་ལས་བརྟན་ཐོག་ཡར་འཕེལ་བྱུང་བའི་ཁར། དྲོད་ཁང་ནང་གི་སྔོ་ཚལ་མཁོ་སྤྲོད་འདང་ངེས་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེ་རུ་སོང་བ། གཙོ་གནད་རྣམ་གྲངས་དོན་འཁྱོལ་གྱི་མྱུར་ཚད་མགྱོགས་སུ་ཕྱིན་ནས། དུས་ཚིགས་དང་པོར་ཞིང་འབྲོག་ལས་དཔལ་འབྱོར་འགོ་ཡག་པོ་འཛུགས་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།

    ཟླ་2པའི་ཟླ་དཀྱིལ་ནས་བཟུང་། དཔྱིད་འདེབས་ཀྱི་ལས་ཀ་དེ་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀོན་ཐིང་གྲོང་རྡལ་སོགས་ནས་སྔོན་ལ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར་དཔྱིད་འདེབས་རྒྱ་ཁྱོན་སྤྱི་ཆིང་6047ཟིན་པ་དང་དགུན་གྲོ་སྤྱི་ཆིང་ཁྲི་1.33གཅིག་རྗེས་གཉིས་མཐུད་ངང་སྔོ་ལོག་བརྒྱབ་ཡོད། དཔྱིད་རྨོད་འགན་ལེན་བརྟན་པོ་ཡོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་དཔྱིད་རྨོད་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་6.49སྔ་སྣུར་དུ་གཤམ་སྤྲོད་བྱས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་ས་བོན་སྤྱི་རྒྱ་ཁྲི་3852དང་རྫས་ལུད་ཏུན་ཁྲི་9.05གྲབས་གསོག་བྱས་པ་དང་། རྫས་ལུད་ཏུན་ཁྲི་3.17གཤམ་སྤྲོད་བྱས་པ། ཞིང་འཕྲུལ་ཁྲི་30ཉམས་བཟོ་བྱས་པ། ཞིང་སྤྱོད་རྒྱུ་ཆ་དང་ཞིང་འཕྲུལ་འགན་སྲུང་དམིགས་སར་འབྱོར་བ་བཅས་བྱས་པ་རེད།

    འབྲོག་ལས་ཐོན་སྐྱེད་ཐད། ས་གནས་ཁག་གིས་ལུ་གུ་སྐྱེ་གསོ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་བེའུ་དང་ལུ་གུ་གསོན་ཚད་མཐོ་རུ་ཏན་ཏིག་བཏང་ཡོད། ཟླ་2པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་ཀྱི་ནོར་ལུག་ལག་ཡོད་མགོ་གྲངས་དང་བཤས་གཏོང་ཚད་གཉིས་ཀ་ཅུང་འཕར་བ་དང་། ས་མཐོའི་ཆུ་གྲང་ཉ་ཡི་ཐོན་ལས་རྒྱ་སྐྱེད་བརྟན་པོ་ཐུབ་ནས་ཟླ་དང་པོ་དང་གཉིས་པར་ཆུ་ཐོན་ཐོན་རྫས་ཀྱི་ཐོན་ཚད་ཏུན་2514ཟིན་པ་དེ་དུས་མཚུངས་ལས་13.14%འཕར་ཡོད་པ་རེད།

    དྲོད་ཁང་ནང་གི་སྔོ་ཚལ་སྐྱེ་འཚར་ལེགས་ཤིང་། དགུན་དུས་དྲོ་ཞིང་བརླན་གཤེར་ཆེ་བའི་གནམ་གཤིས་ཀྱིས་དྲོད་ཁང་ནང་གི་སྔོ་ཚལ་ཐོན་སྐྱེད་ལ་མཐུན་རྐྱེན་བསྐྲུན་པ་དང་ཤང་ཀང་གི་ཁྲོམ་རར་འདོན་པའི་དགོས་མཁོར་སྐུལ་ཁྲིད་བྱས་པས་མང་ཚོགས་ཀྱི་སྔོ་ཚལ་འདེབས་འཛུགས་ཀྱི་སེམས་ཤུགས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།2025ལོར་མ་དངུལ་སྒོར་ཁྲི་8943.5བཏང་ནས་ལག་བསྟར་བྱས་པའི་སྒྲིག་བཀོད་ཞིང་ལས་རྣམ་གྲངས་7ལ་ཕན་འབྲས་རིམ་བཞིན་ཐོན་ཡོད། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཐོན་སྐྱེད་ཐད་མཛུབ་ཁྲིད་བྱས་ཡོད། ཟླ་2པའི་ཟླ་མཇུག་བར་ཞིང་ཆེན་དེ་ཡོངས་ཀྱི་སྒྲིག་བཀོད་ནང་གི་ཤིང་ཏོག་དང་སྔོ་ཚལ། དེ་བཞིན་བཟའ་བྱའི་ཤ་མོའི་རིགས་རྒྱ་ཁྱོན་སྤྱི་ཆིང་5010དང་ཐོན་ཚད་ཏུན་ཁྲི་3.97ཟིན་པ་དེ་དུས་མཚུངས་ལས་3.3%དང་5.9%སོ་སོར་འཕར་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ནི་ལས་ཞུགས་འབབ་འཕར་དང་རྣམ་གྲངས་འཛུགས་སྐྲུན་ལ་དུས་མཉམ་དུ་ནུས་ཤུགས་བཏོན་ཞིང་། 2026ལོའི་དཔྱིད་རླུང་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་དེ་ཡོངས་ཀྱིས་གཙོ་གནད་ཐོག་ཞིང་ལས་དང་འབྲེལ་བའི་སྣེ་འདྲེན་ཁེ་ལས་8སྒྲིག་འཛུགས་བྱས་ནས་ལས་གནས་253མཁོ་འདོན་བྱས་པ་དང་ལས་ཞུགས་འདོད་ཕྱོགས་གྲོས་མཐུན་260ལྷག་བཞག་པ་རེད། ད་ལོ་འཚོ་རྟེན་ལས་སྤྲོད་ཀྱི་ཀྲུང་དབྱང་གི་ཁ་གསབ་མ་དངུལ་ནི་ན་ནིང་ལས་10%འཕར་བ་དང་། ཟླ་2པའི་ཟླ་མཇུག་བར་ཞིང་འབྲོག་ཁུལ་དུ་མི་ཐེངས་ཁྲི་13.58ལས་ཞུགས་གཞན་སྒྱུར་བྱས་པ་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་ཐག་ཉེ་སར་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།