དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁང་དམར་རྫོང་བཞོན་འཕྲེང་ཤང་ཕྱི་འབྲོག་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་གླིང་གི་སྒོ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-16

    འདི་ནི་སྒོ་ཕྱེ་བའི་མཛད་སྒོ་གཉེར་ཡུལ་ཡིན་པ།

    འདི་ནི་མཛད་སྒོའི་ཐོག་སྒོ་ངའི་བག་ལེབ་གཏུབ་བཞིན་པ།

    འདི་ནི་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་ལ་ལྟ་བཞིན་པ།

    ཉིན་ཤས་གོང་ཁང་དམར་རྫོང་བཞོན་འཕྲེང་ཤང་ཕྱི་འབྲོག་གྲོང་ཚོའི་བསྐྲུན་མ་ཐག་པའི་གྲོང་གསེབ་བདེ་སྐྱིད་གླིང་གི་སྒོ་ཁར་མི་མང་པོ་ཞིག་གིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པ་དང་། གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བདེ་སྐྱིད་གླིང་གི་སྒོ་བྱང་དངོས་སུ་ཕྱེ་བའི་མཛད་སྒོར་ཞུགས། བདེ་སྐྱིད་གླིང་དངོས་སུ་སྤྱོད་འགོ་ཚུགས་པ་ལས་རྫོང་གི་དམངས་འཚོའི་རྣམ་གྲངས་ཤིག་དོན་འཁྱོལ་ཐུབ་པ་དང་རྫོང་དེའི་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    དེ་ཉིན་ཁང་དམར་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། བཞོན་འཕྲེང་ཤང་གི་འགན་འཁུར་བློ་མཐུན་དང་། བདེ་སྐྱིད་གླིང་གི་དོ་དམ་པ། རྒན་རྒོན་གྱི་འཐུས་མི། དང་བླངས་པ་སོགས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    སྒོ་བྱང་གི་ཡོལ་བ་ཕྱེ་རྗེས་ཚང་མ་མཉམ་དུ་འཛོམས་ནས་དྲོ་སྐྱིད་ལྡན་པའི་སྐྱེས་སྐར་མཉམ་དུ་བཏང་ཞིང་། འགོ་ཁྲིད་དང་དང་བླངས་པས་རྒན་རྒོན་ཚོར་སྐྱེས་སྐར་གྱི་ཞྭ་མོ་གཡོག་པ་དང་། སྐྱེས་སྐར་གྱི་གཞས་བཏང་བ། སྒོ་ངའི་བག་ལེབ་ཕུལ་ཏེ་རྒན་རྒོན་ཚོ་ལུས་བདེ་སེམས་སྐྱིད་དང་ཚེ་མཇུག་བདེ་ལ་རོལ་རྒྱུ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་པ་རེད། དེ་ནས་རྫོང་སྒྱུ་རྩལ་ཚོགས་པ་དང་། གྲོང་ཚོའི་རིག་རྩལ་རུ་ཁག རྒན་རྒོན་གྱི་འཐུས་མི་རུ་ཁག་བཅས་ཀྱིས《པེ་ཅིང་གསེར་གྱི་རི》སོགས་རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་བཤམས་པར་དེ་གར་ཡོད་པའི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

    བདེ་སྐྱིད་གླིང་དེར་སྤྲོ་གསེང་རོལ་རྩེད་དང་། བཟའ་བཏུང་མཁོ་སྤྲོད། འཚོ་བར་ལྟ་རྟོག བདེ་སྲུང་ལུས་གསོ། སེམས་ཁམས་གསེད་བཀྲོལ་བཅས་གཞི་གཅིག་ཏུ་འདུས་ཤིང་། ངལ་གསོ་རྒྱག་ས་དང་། རིག་གནས་ལུས་རྩལ་བྱེད་སྒོ་ཁང་། སྤྲོ་གསེང་རོལ་རྩེད་ཁང་། སྙིང་གཏམ་ཤོད་ས་སོགས་ཡོད་པས། གྲོང་ཚོ་ཡོངས་ཀྱི་རྒན་རྒོན་དང་བྱིས་པ་ཚོའི་ཁྱིམ་ཚང་གཉིས་པ་ལྟ་བུར་གྱུར་ཡོད།

    གྲོང་ཚོའི་ལས་བྱེད་པ་དང་། གྲོང་སྡོད་ལས་དོན་རུ་ཁག་དང་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་དང་བླངས་པ་བྱས་ཏེ། ལ་ལས་ཇ་སྲུབས་མ་བཟོ་བ་དང་། ལ་ལས་ཚལ་བཟོ་བ། ལ་ལས་ལུས་གསོའི་ཡོ་ཆས་བེད་སྤྱོད་གཏོང་སྟངས་སློབ་པ་སོགས་བྱས་ཡོད།

    ཁང་དམར་རྫོང་གི་རྫོང་དཔོན་གཞོན་པ་ཆོས་སྒྲོན་གྱིས། གྲོང་གསེབ་བདེ་སྐྱིད་གླིང་འཛུགས་སྐྲུན་བྱེད་པ་ནི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒན་རྒོན་གྱི་ཚོགས་སྤྱིར་གཅེས་སྐྱོང་དང་གཞི་རིམ་གྱི་རྒན་གསོའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་གལ་ཆེན་ཞིག་རེད། སླད་ཕྱིན་བདེ་སྐྱིད་གླིང་གིས་རྒན་བརྩི་དང་། རྒན་གཅེས། རྒན་རོགས་བཅས་ཀྱི་ཡ་རབས་སྤྱོད་བཟང་དར་སྤེལ་བཏང་ནས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་ཚད་ལྡན་དུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒན་རྒོན་ཚོ་དེ་གར་ཡོང་འདོད་པ་དང་། སྡོད་འདོད་པ། ཁ་ལག་ཡག་པོ་བཟའ་རྒྱུ་ཡོད་པ། རྩེད་མོ་སྐྱིད་པོ་རྩེ་རྒྱུ་ཡོད་པ་བཅས་ཀྱི་བདེ་སྐྱིད་ཁྱིམ་གཞིས་ཧུར་ཐག་བསྐྲུན་ནས་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་ལུས་བདེ་སེམས་སྐྱིད་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།

    རྒན་རྒོན་མང་པོས་མགྲིན་གཅིག་ཏུ“སླད་ཕྱིན་ང་ཚོ་འདི་གར་འཛོམས་ཏེ་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་རྒྱུ་ཡོད་པ་མ་ཟད། ཟ་ཁང་ཡོད་ལ་ལུས་སྦྱོང་ཀྱང་བྱེད་ས་ཡོད་པས་ང་ཚོའི་ངོས་ནས་བརྗོད་ན་མཁོ་ཆོད་པོ་དང་སྐྱིད་སྣང་དོད་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    ལོ་ལྟར་ཞིང་དལ་སྐབས། གྲོང་ཚོའི་ནང་གི་ངལ་རྩོལ་ནུས་ཤུགས་མང་པོ་ཞིག་ཕྱིར་ཡོང་འབབ་གསོག་པར་འགྲོ་དགོས་པས། ཁྱིམ་དུ་ལུས་པའི་རྒན་རྒོན་དང་བྱིས་པ་དག་ཁོང་ཚོའི་སེམས་ཁྲལ་བྱ་ཡུལ་དུ་གྱུར་མོད། ད་ཆ་བདེ་སྐྱིད་གླིང་གིས་རྒན་རྒོན་ཚོར་ལྟ་རྟོག་ཐུབ་པས་བུ་ཕྲུག་ཚོ་བློ་བདེ་བག་ཕེབས་ངང་ཡོང་འབབ་གསོག་པར་འགྲོ་ཆོག

    ཕྱི་འབྲོག་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་གླིང་སྤྱོད་འགོ་ཚུགས་པ་དེས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་སྟོང་ཆ་དེ་བས་བསལ་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་རྒན་རྒོན་ཚོས་མྱོང་ཚོར་ཐུབ་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་ཕྱིན་ཡོད། གོམ་སྟབས་རྗེས་མར་ཕྱི་འབྲོག་གྲོང་ཚོས་བདེ་སྐྱིད་གླིང་གི་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུའི་རྣམ་པ་རྒྱུན་མཐུད་ངང་འཚོལ་ཞིབ་བྱས་ནས་རྒན་རྒོན་དེ་བས་མང་བ་རང་ཁྱིམ་གྱི་སྒོ་ཁ་ནས་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།