དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྒྱལ་སྨན་ཤང་ཐག་རིང་གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་ལས་དོན་རུ་ཁག་གིས་ཡུལ་མིར་ཆུ་ཀ་ལའི་མདོང་ལམ་ཉམས་བཟོ་བྱེད་རོགས་བྱས་པ།

    གྲང་རླུང་འུར་འུར་ལྡང་ན་ཡང་། ཡུལ་མིའི་སེམས་པ་གཏིང་ནས་དྲོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-16

    ས་བབ་མཐོ་ཚད་ལ་སྨི་4200ཟིན་པའི་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོར་གྲང་རླུང་འུར་འུར་དུ་ལྡང་མོད། རྒྱལ་སྨན་ཤང་ཐག་རིང་གྲོང་ཚོར་བཅའ་སྡོད་འཕྱོངས་རྒྱས་རྫོང་གི་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ནོར་བུ་བཟང་པོས་སྔར་བཞིན་རུ་མི་ཁྲིད་དེ་དུད་ཚང་དུ་འཚམས་འདྲིར་བསྐྱོད། རླངས་འཁོར་ཡུལ་མིའི་ཚོགས་ཆུང་གཉིས་པའི་ལྷོ་མ་ཏེང་ཡུག་ཁུལ་གྱི་རྡོ་ཧྲུག་གི་ལམ་དུ་སླེབས་སྐབས། ལོ་72ལ་སླེབས་པའི་ཚེ་རིང་ཆོས་སྒྲོན་གྱིས་ཆུ་ཆུ་ཟོམ་ཕྱེད་ཀ་ཙམ་ཞིག་ཁུར་ནས་དཀའ་ཚེགས་ཆེན་པོས་དལ་གྱིས་སྐྱོད་བཞིན་པ་མཐོང་།

    “རྨོ་བོ་ལགས། ཁྱེད་རང་ཆུ་གང་དུ་ལེན་པར་ཕེབས་པ་ཡིན་ནམ”ཞེས་རུ་མི་སྐལ་བཟང་གིས་སྐད་ཆ་འདྲི་ཞོར་མྱུར་དུ་ཆུ་ཟོམ་འཁུར་བར་ཕྱིན་པ་དང་། ལག་པ་ཆུ་ཟོམ་ངོས་སུ་ཆགས་པའི་འཁྱགས་པར་རེག་མ་ཐག་རུས་པར་ཟུག་རྒྱག་འོངས། ཚེ་རིང་ཆོས་སྒྲོན་གྱིས་དབུགས་ཧལ་ཞིང་ལག་པ་འཕུར་འཕུར་གཏོང་གིན“ཆུ་ཀ་ལར་འཁྱགས་པ་ཐེབས་འདུག་པས། སྤྱི་ལེ་གཉིས་ཙམ་གྱི་སར་ཕུ་ཆུའི་འཁྱགས་པ་བཅགས་ནས་ཆུ་ལེན་པར་མི་འགྲོ་ཀ་མེད་བྱུང”ཞེས་བཤད།

    མང་ཚོགས་ཀྱི་དོན་དག་ཡིན་ཕྱིན་ཚང་མ་དོན་ཆེན་ཡིན། སྐལ་བཟང་གིས་འཕྲལ་དུ་རུ་མི་ཁྲིད་དེ་ཆུ་ཀ་ལའི་མདོང་ལམ་དེད་ནས་རྩད་ཞིབ་བྱེད་པར་བསྐྱོད། ཉིན་དེའི་དགོང་མོར། ལས་དོན་རུ་ཁག་གི་གནས་སྐབས་ཉལ་ཁང་གི་གློག་འོད་འོག་ཏུ་རུ་མི་ཚོས་མཉམ་དུ་གནད་དོན་དེ་ཐག་གཅོད་ཇི་ལྟར་བྱེད་དགོས་མིན་གྲོས་བསྡུར་བྱས། “ལམ་རྒྱུད་ཀྱི་མདོང་ལམ་སྤྱིར་ན་འཁྱགས་པ་ཐེབས་འདུག ལྷག་པར་དུ་ས་ཆ་མང་པོར་མདོང་ལམ་འཁྱགས་ཐེབས་ནས་སྐྱོན་ཡང་ཤོར་འདུག”ཅེས་ནོར་བུ་བཟང་པོས་འདི་ལྟར་བཤད་པ་དང་། ཁོང་གིས“ངེས་པར་དུ་མདོང་ལམ་གསར་པ་བཏིང་ན་མ་གཏོགས་ཡོང་བ་མི་འདུག”ཅེས་བཤད། གྲོས་བསྡུར་བྱས་མཐར་མདོང་ལམ་གསར་པ་འདིང་རྒྱུ་དང་དྲོད་སྲུང་ཡག་པོ་བྱེད་རྒྱུ་གཏན་འཁེལ་བྱས་ལ། མཚན་མོ་དེ་རང་ལ་ཉོ་བྱའི་དངོས་ཟོག་གི་གསལ་ཐོ་བཟོས་པ་དང་རྫོང་ལ་འབུལ་རྒྱུའི་དངོས་ཟོག་ཉོ་བའི་རེ་འདུན་ཞུ་ཡིག་ཀྱང་བྲིས།

    ཉིན་གསུམ་གྱི་རྗེས་སུ་མདོང་ལམ་བཟོ་བར་མཁོ་བའི་འགྱིག་ཁེབས་དང་། གྲང་འགོག་སྲིང་བལ། མདོང་ལམ་གསར་པ་སོགས་ཀྱི་དངོས་ཟོག་གྲོང་ཚོར་དབོར་ཡོང་། ནམ་ལངས་མ་ཐག་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་ཡུལ་མི་ཚོས་མཉམ་དུ་མདོང་ལམ་གསར་པ་རི་སྟེང་དུ་དབོར་ཞིང་། ཚང་མས་ལས་བགོས་རོགས་སྒྲུབ་ཀྱིས་ལ་ལས་མདོང་ལམ་སྦ་སའི་ཡུར་བུ་དྲུས་པ་དང་། ལ་ལས་ཆུ་མདོང་མཐུད་བརྒྱབ། མ་གཞི་ལག་ཤུབས་གྱོན་ཡང་ལག་པ་འཁྱགས་ནས་ཧྲེང་པོར་གྱུར་ན་ཡང་འཕུར་འཕུར་གཏོང་གིན་མུ་མཐུད་ལས་ཀ་བྱས།

    ཉིན་གསུམ་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། ལྷོ་མ་ཏེང་ཡུག་ཁུལ་གྱི་མི་ཕྱུགས་ཀྱི་འཐུང་ཆུའི་མདོང་ལམ་རྦད་དེ་ཉམས་བཟོ་ལེགས་གྲུབ་བྱུང་བ་དང་། གསར་དུ་བསྒར་བའི་ཆུ་ཀ་ལའི་གཅུས་སྒོ་བསྒྲིམས་མ་ཐག་དྭངས་ཤིང་གཙང་བའི་ཆུ་ཤག་ཤག་ཏུ་དོན་པས། གྲོང་མི་ནོར་རྒྱས་ཀྱིས་སྙིམ་པར་ཆུ་བླངས་ནས་ངོ་གདོང་བཀྲུས་པ་དང་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཡོང་། བགྲེས་སོང་ཚེ་རིང་ཆོས་སྒྲོན་གྱིས་ཁྱིམ་ནས་ཁ་བཏགས་འཁྱེར་འོངས་ཏེ་དོ་དོ་ནན་ནན་གྱིས་གཅུས་སྒོར་གཡོགས།

    གྲང་རླུང་སྔར་བཞིན་འུར་འུར་དུ་ལྡང་མོད། ལྷོ་མ་ཏེང་ཡུག་ཁུལ་གྱི་དུད་ཚང་གི་ཡུལ་མི་ཚང་མའི་སེམས་པ་དྭངས་ཤིང་གཙང་བའི་ཆུ་ཀ་ལ་དེའི་དབང་གིས་དྲོ་སོབ་སོབ་ཏུ་གྱུར།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།