དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲངས་འབོར་3000ནས་10800བར་གྱི་མཆོང་སྐྱོད་ཀྱིས་ཆབ་མདོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཕན་འབྲས་ལ་དཔང་པོ་བྱས་པ།

    མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-16

    ཉི་འོད་རབ་ཏུ་འཚེར་བའི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེར་ཤྭ་བ་སེར་ཆེན་ཁ་ཤས་ཀྲོང་ངེར་རྒྱུ་བ་དང་། ཤྭ་ཕྲུག་ལ་ལ་ཕན་ཚུན་རྩེད་འཇོར་རོལ་བའི་ས་མཐོའི་སྐྱེ་ཁམས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་དེ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱི་རོལ་གནས་ཚུལ་བཀོད་པའི་ལེ་ཚན《སྦས་ལུང་གསལ་རྟོགས》བརྒྱུད་དུད་ཚང་ཁྲི་སྟོང་མང་པོར་བསྟན་ཡོད་པ་རེད།

    འདི་ནི་སྟེས་དབང་གི་ཐུག་འཕྲད་ཅིག་མིན། པར་ཆས་ཀྱིས་བོད་ཤར་ས་གཞི་ཆེ་མོར་ཐུར་ལྟ་བྱེད་སྐབས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་མངོན་ཞིང་། ཡུན་ནན་གྱི་སྤྲེའུ་སྤུ་སེར་གྲངས་འབོར་300ནས་800ལྷག་ཙམ་བར་དང་། ཤྭ་བ་སེར་ཆེན་གྱི་ཁྱུ་ཚོགས་མགོ་གྲངས་3000ནས་10800བར། གླ་བའི་རིགས་མགོ་གྲངས་ཁྲི་5.6ནས་ཁྲི་6.1ལྷག་ཙམ་བར་བཅས་མང་དུ་སོང་བ་དེ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལྟ་འདོམས་ཁྲིམས་སྒྱུར་མ་ལག་གིས་རྒྱུན་མཐུད་ཤུགས་བརྒྱབ་ནས་བོད་ཤར་ས་གཞི་ཆེ་མོའི་སྐྱེ་དངོས་དང་སྲོག་ཆགས་མཐའ་དག་སྲུང་སྐྱོང་བྱས་པ་ལས་བྱུང་བ་ཞིག་རེད།

    སྔོན་ཆད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་རྒྱུ་ནི་ནགས་ལས་དང་རྩྭ་ཐང་སྡེ་ཚན་གཅིག་པུའི་ལས་འགན་ཡིན་པའི་ཁར་ཁྲིམས་སྒྱུར་མི་སྣ་ཁ་ཐོར་ཡིན་པ་མ་ཟད། ཆ་འཕྲིན་ཡང་གསང་པོ་མེད། འོན་ཀྱང་2023ལོར་ཆབ་མདོ་གྲོང་ཁྱེར་གྱིས《ཆབ་མདོ་གྲོང་ཁྱེར་གྱི་སྡེ་ཚན་དབར་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་མཉམ་འབྲེལ་ལས་ཀའི་ལམ་ལུགས》དང《ཆབ་མདོ་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་སྡེ་ཚན་གྱི་མཉམ་ལས་མཉམ་འབྲེལ་ལས་ཀའི་ལམ་སྲོལ》གསར་གཏོད་བྱས་ནས་བཏོན་པ་ལས། སྡེ་ཚན་དབར་གྱི་བཀག་རྒྱ་བསལ་ནས་ནགས་ལས་དང་རྩྭ་ཐང་དང་། སྤྱི་བདེ། ཁྲོམ་ར་ལྟ་འདོམས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཚན་གྱིས་ཕྱོགས་རྐྱང་པས་ལས་ཀ་བྱེད་མི་དགོས་པར་ཚང་མ་མཉམ་འགོག་མཉམ་སྡོམ་གྱི་དྲ་རྒྱའི་ནང་འཇུག་ཐུབ་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ས་ཆའི་དོ་དམ་ཁོའོ་ཡི་ཁོའོ་ཀྲང་བཀྲ་ཤིས་ཆོས་སྒྲོན་གྱིས། ཉེ་བའི་ལོ་ལྔའི་ནང་མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་22སྤེལ་བ་དང་། མི་ཐེངས་425ནགས་རི་དང་ཁྲོམ་རའི་དབར་བསྐྱོད་པ། ཁྲིམས་འགལ་གྱོད་གཞི་ཁག་16རྩད་ཆོད་ཡོད། དེ་བས་གལ་ཆེ་བ་ཞིག་ནི་དུས་ཚིགས་ཚང་མར་མཉམ་འབྲེལ་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་རེ་སྤེལ་བས་གཞི་རིམ་གྱི་ཁྲིམས་སྒྱུར་པའི་བྱ་སྤྱོད་ཀྱི་ཆོས་ཉིད་ཅིག་རིམ་གྱིས་ཆགས་ཡོད། སྲུང་སྐྱོང་ནི་དམ་ལྷུག་བྱེད་ཆོག་པའི་སྤྱིར་བཏང་ལས་འགན་ཞིག་མིན་པར་ངེས་པར་དུ་སྲུང་དགོས་པའི་མཐའ་ཚད་བརྟན་པོ་ཞིག་རེད་ཅེས་ངོ་སྤྲོད་བྱས།

    གལ་སྲིད་ལམ་ལུགས་དང་ཚན་རྩལ་ནི་སྒྲིག་གཞི་ཞིག་ཡིན་ཞེས་བརྗོད་ཚེ། ནགས་ལས་དང་རྩྭ་ཐང་སྐྱེ་ཁམས་ཀྱི་ལས་དོན་པ་ཁྲི་10.6ནི་མ་ལག་འདིར་གསོན་ཤུགས་རྒྱས་སུ་འཇུག་མཁན་དེ་བས་ཡིན་ཞེས་བརྗོད་ཆོག ནགས་སྲུང་བ་ཁྲི་3.02དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་པ་14 རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་པ་38བཅས་ལས་ཆབ་མདོའི་སྐྱེ་ཁམས་སྲུང་སྐྱོང་གི་མ་ལག་ཅིག་གྲུབ་ཡོད་པ་རེད།

    ནགས་སྲུང་བ་ཞིག་གིས་འཆར་ཅན་གྱི་སྐོར་སྲུང་བྱེད་རིང་དོགས་ཡོད་རླངས་འཁོར་བསྐྱོད་ཤུལ་ཞིག་མཐོང་བ་དང་། རྗེས་འདེད་བཏང་རྗེས་རྐུ་རྔོན་གྱི་ཁུངས་སྣེ་ཐེར་འདོན་བྱས་པས་མཐར་གྱོད་གཞི་གལ་ཆེན་ཞིག་རྩད་ཆོད་པ་རེད། འདི་ནི་གྱོད་དཔེ་གཅིག་པུ་དེ་མིན་པར་གྱོད་གཞིའི་ཁུངས་སྣེ་ཁག་60ལྷག་ཙམ་གཞི་རིམ་གྱི་སྐོར་སྲུང་པས་མཁོ་འདོན་བྱས་པས་གྱོད་གཞི་ཁག་12རྩད་ཆོད་ཡོད་པ་རེད། རྒྱལ་ཡོངས་ཀྱི་ནགས་སྲུང་བ་ཡག་ཤོས་དང་། ཀྲུང་གོའི་མི་བཟང་། སི་པ་ལུའུ་སྐྱེ་ཁམས་སྲུང་སྐྱོང་བྱ་དགའ་བཅས་རག་ཡོད། གཟི་བརྗིད་མཚན་སྙན་དེ་དག་ནི་གངས་རླུང་ཁྲོད་དཀའ་ངལ་ཁྱད་བསད་ཀྱིས་ལས་གནས་བརྟན་སྲུང་བྱས་པ་ལས་ཐོབ་པ་ཞིག་རེད།

    《སྦས་ལུང་གསལ་རྟོགས》ཞེས་པའི་ལེ་ཚན་ནང་རི་བོ་ཆེའི་རྣམ་པ་སླར་ཡང་སྟོན་སྐབས་ཆུ་བོ་དེད་ནས་རྒྱུག་པའི་ཤྭ་བ་སེར་ཆེན་གྱི་ཉམས་འགྱུར་ལས་གྲོང་ཁྱེར་ཞིག་གི་སྐྱེ་ཁམས་བཅོས་སྐྱོང་ཐད་གྲངས་འབོར་འཕར་བ་ཙམ་མིན་པར། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གཏོད་པའི་ལམ་ལུགས་ཀྱི་གསར་གཏོད་དང་། ལག་རྩལ་མཐུན་སྦྱོར། མི་སེམས་གཅིག་འགྲིལ་བཅས་བྱུང་བའི་རྣམ་པ་ཞིག་མཐོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།