དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི“དཔྱིད་ཀྱི་དབྱངས་རྟ”དཀྲོལ་འགོ་བརྩམས་པ།
རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ལས་དོན་ལ་ལྟ་ཞིབ་བྱས་པ།
རྒྱལ་ཡོངས་ཚོགས་འདུ་གཉིས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་དང་མི་དམངས་དུང་ཕྱུར་མང་པོའི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ལས་སྟེགས་གལ་ཆེན་ཞིག་རེད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གཉིས་དང་། “འཐུས་མིའི་བགྲོད་ལམ”ཐེངས་གསུམ། “ཨུ་ཡོན་གྱི་བགྲོད་ལམ”ཐེངས་གསུམ། “པུའུ་ཀྲང་གི་བགྲོད་ལམ”ཐེངས་གསུམ། དཔལ་འབྱོར་དང་། དམངས་འཚོ། ཕྱི་འབྲེལ་བཅས་ཀྱི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུ་ཐེངས་གསུམ་སོགས་ལས་འདི་ལོའི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ལས་དོན་གྱི་རྣམ་པ་ཕུན་སུམ་ཚོགས་པ་དང་། ནང་དོན་ཕུན་སུམ་ཚོགས་པ། མཚོན་སྟངས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བཅས་ཡོད་པ་རེད།
དམངས་འདོད་ཐབས་ལམ་ཤར་གཏོང་བྱས་ནས་དམངས་གཙོ་དང་སྒོ་དབྱེ་མངོན་པར་བྱས་པ།
རྒྱལ་ཡོངས་ཚོགས་འདུ་གཉིས་ནི་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད་ལ། ཀྲུང་གོའི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཚོར་བའི་གསོན་ཉམས་དོད་པའི“ཡོངས་བསྒྲགས་སློབ་ཚན”ཞིག་ཀྱང་རེད།
“བགྲོད་ལམ་གྱི་གང་བསམ་ལྷུག་གླེང་ཡིན་ནའང་འདྲ། ཡང་ན་གསར་འགོད་པའི་ཚོགས་འདུའི་དྲི་བ་དྲིས་ལན་གང་ཡིན་རུང་ཚང་མ་ནས་དངོས་སྒྲུབ་དང་ལྷག་བསམ་ཟོལ་མེད་ཚོར་ཐུབ” 《ལྷོ་ཕྱོགས་གྲོང་ཁྱེར་ཚགས་པར》གྱི་གསར་འགོད་པ་ལིའུ་མན་ལོ་མང་བསྟུད་མར་ཚོགས་འདུ་གཉིས་ཀྱི་གནས་ཚུལ་སྤེལ་གཏོང་ལ་ཞུགས་ཤིང་། ཁོང་གིས“སྤྱི་ཚོགས་ཀྱི་དོ་ཁུར་ལ་དམིགས་ནས་དྲི་བ་འདོན་པ་དང་དྲི་བར་ལན་སྐྱོན་སྐབས་ཚང་མ་དོན་དངོས་ཤ་སྟག་རེད་འདུག གཞི་ཆེའི་དཔལ་འབྱོར་སྲིད་ཇུས་ནས་སྡེ་ཁུལ་གྱི‘རྒན་གཅིག་གཞོན་གཅིག’བར་ལ། གླེང་གཞི་ཚང་མ་རྒྱལ་ཇུས་དམངས་འཚོར་ཁྱབ་པ་དང་། ལན་བཏབ་པ་ཐད་ཀར་དང་ཞིབ་ཕྲ་ཡིན་པ། གླེང་མང་བ་དང་དཀའ་གནད་ལ་མི་གཡོལ་བ་བཅས་ལས་ཚོགས་ཆེན་གྱི་སྒོ་དབྱེ་དང་། དངོས་སྒྲུབ། དམངས་གཙོ་བཅས་ཀྱི་ཚོགས་སྲོལ་མངོན་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
“མི་དམངས་ཚོགས་ཁང་ཆེ་མོ་ནས་མི་སེར་གྱི་ལག་ཐོགས་ཁ་པར་གྱི་བརྙན་ཤེལ་བར། གསུང་སྒྲ་གཞི་རིམ་དུ་ཁྱབ་པ་དང་སྲིད་ཇུས་བཟང་པོ་མི་སེམས་ལ་ཟུག་ཡོད”ཀྲུང་གོ་མི་དམངས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་ལས་རོགས་དགེ་རྒན་ཆེ་མོ་བ་རོན་ཧྲེན་ཡུས་ཀྱིས། ཕྱོགས་ཡོངས་དང་རིམ་པ་མང་བའི་གསར་འགྱུར་ཡོངས་བསྒྲགས་ཀྱིས་མི་དམངས་ཀྱི་གནས་ཚུལ་ཤེས་དབང་དང་དེའི་ནང་ཞུགས་དབང་ལ་འགན་ལེན་ཐུབ་པ་མ་ཟད། མཉམ་འགུལ་ཁྲོད་ཐུན་མོང་གི་ངོས་འཛིན་དེ་བས་ཟབ་ཏུ་དང་སྟོབས་ཤུགས་དེ་བས་གཅིག་ཏུ་བསྒྲིལ་བའི་ངོས་འཛིན་བྱས་ཡོད།
རྒྱལ་ཇུས་དམངས་འཚོར་དོ་ཁུར་བྱས་ནས་སྲིད་ཇུས་ཀྱི་ཕན་པ་བརྒྱུད་སྤྲོད་བྱས་པ།
ཚོགས་འདུ་གཉིས་ཀྱི་གསར་འགྱུར་ཡོངས་བསྒྲགས་ནང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཡོད་ལ། དྲོ་སྐྱིད་ལྡན་པའི་དམངས་འཚོའི་ཐུགས་ཁུར་ཡང་ཡོད། འདི་གར་རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་སྐད་སྒྲ་ཕན་ཚུན་དམ་པོར་སྦྲེལ་ཡོད།
“ཟླ་3ཚེས་6ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ཀྱི་ཚོགས་འདུར་ཞུགས་མཁན་ཞིང་བཟོ་ཏང་དང་། དགུ་གསུམ་རིག་ཚོགས། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་རིགས་ཁོངས་བཅས་ཀྱི་ཨུ་ཡོན་ལ་གཟིགས་སྐབས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་རང་རྒྱལ་གྱི་རྒྱལ་བབ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བློ་བརྟན་འགྱུར་མེད་ངང་སྐྱོད་པ། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད། འདིས་ང་ཚོའི་ལས་དོན་ལ་ཁ་ཕྱོགས་གསལ་པོ་སྟོན་གནང་ཡོད”ཅང་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཝང་ཞའོ་ཏུང་གིས་རིམ་དབྱེའི་སྨན་བཅོས་དང་དེ་བཞིན་གཞི་རིམ་གྱི་འཕྲོད་བསྟེན་བདེ་ཐང་མ་ལག་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ནས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
“འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སྟབས་བསྟུན་ལས་ཞུགས་མི་སྣ་དང་ལས་ཞུགས་ཀྱི་རྣམ་པ་གསར་པའི་མི་སྣ་ལས་བཟོའི་འགན་བཅོལ་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁ་གསལ་བཏོན་ཡོད། འདི་ནི་དངོས་གནས་བློ་བདེ་ལ་མི་སེམས་དྲོ་བའི་བྱ་བ་ཞིག་རེད”ལུའོ་ཁེ་ཞུའེ་ནི་པེ་ཅིང་གྲོང་ཁྱེར་གྱི་མངག་སྐྱེལ་ཕོ་གཞོན་ཞིག་ཡིན་པ་དང་ཁོང་གིས“རྩལ་ནུས་གསོ་སྦྱོང་ནས་གླ་ཆ་འགན་ལེན་བར། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བཞིན་འདུག་པས་ང་ཚོའི་འཚོ་བར་མདུན་ལམ་ཆེན་པོ་ལྡན་པའི་ཚོར་སྣང་འདུག”ཅེས་བརྗོད།
སི་ཁྲོན་ལུའུ་ཀྲོའུ་གྲོང་ཁྱེར་ཅང་དབྱང་ཆུས་སུ་སྡོད་མཁན་ལོ་74ལ་སླེབས་པའི་བགྲེས་སོང་མིའོ་མིང་ཆིང་གིས“རྒས་དུས་འཚོ་རྟེན་ཡོད་པ”དེར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དམངས་འཚོའི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུར་མ་འོངས་ལོ་5ཡི་ནང་རྫོང་རིམ་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་དོ་དམ་ལས་སྟེགས་མུ་མཐུད་བསྐྲུན་ནས་ས་ཁོངས་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་བཏོན་འདུག འདིས་ང་ཚོ་རྒན་རྒོན་ཧ་ཅང་བློ་བདེ་པོ་འདུག ཚེ་མཇུག་གི་འཚོ་བར་འགན་སྲུང་དེ་ལས་ལྷག་པ་འདུག ཏང་གི་སྲིད་ཇུས་དེ་ང་ཚོས་བསམ་པ་དང་གཅིག་པ་རེད་འདུག”ཅེས་མིའོ་མིང་ཆིང་གིས་བཤད།
འཕེལ་རྒྱས་ཀྱི་འཆར་གཞི་མཉམ་དུ་བཀོད་ནས་འབད་འཐབ་ཀྱི་སྟོབས་ཤུགས་འཕེལ་བར་བྱས་པ།
“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་མཚམས་ཚིགས་སུ་སེམས་མཐུན་མདུན་སྐྱོད་དང་འབད་འབུངས་ཆེར་བསྐྱེད་ཀྱི“དཔྱིད་ཀྱི་དབྱངས་རྟ”དཀྲོལ་བཞིན་ཡོད།
གསར་གཏོད་ནི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོ་དེ་རེད། “འཐུས་མིའི་བགྲོད་ལམ”དུ་ཀོང་ཏུང་པང་ཕུའུ་འཁོར་རྒྱུག་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་འཐུས་མི་ལི་ཁྲང་ཏུང་གིས་བེད་མེད་གློག་རྫས་རྙིང་པ་ཚུར་བསྡུ་བེད་སྤྱོད་ཀྱི་དཀའ་གནད་བསལ་བའི་སྐོར་གྱི་འབད་འཐབ་གཏམ་རྒྱུད་མཉམ་སྤྱོད་གནང་བ་རེད། དེས་ལེ་ཅུས་རིག་ནུས(ཧྲེན་ཀྲེན)མ་རྐང་ཚད་ཡོད་ཀུང་སིའི་བཟོ་ལས་རྣམ་གྲངས་ཀྱི་འགན་འཁུར་བ་རེན་ཀོང་ཅེར་སེམས་འགུལ་ཆེན་པོ་ཐེབས་ཞིང་། ཁོང་གིས“ཚན་ཞིབ་མི་སྣས་ཚན་རྩལ་གསར་གཏོད་ཀྱི་རྒྱང་ལམ་དུ་དཀའ་ངལ་མཐའ་དག་གདོང་ལེན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད་པ་རེད།
ཧོ་ནན་ལུའོ་དབྱང་ཡན་ཧྲེ་ཆུས་པེ་ཡའོ་གྲོང་ཚོའི་འབྲུ་འདེབས་དུད་ཆེན་ཝང་སུང་ཐའོ་དང་ཡུལ་མི་ཚོས་བཟའ་འབྲུ་ཐོན་སྐྱེད་སྐོར་གྱི“པུའུ་ཀྲང་གི་བགྲོད་ལམ”གྱི་དྲི་བ་དྲིས་ལན་ལ་བལྟས་པ་རེད། “‘བཟའ་འབྲུ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་ཆུ་ཚད་མཐོ་པོས་འགན་ལེན་བྱས་ནས། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས’ཞེས་པའི་སྐད་ཆ་འདི་དངོས་གནས་ཡག་པོ་འདུག ཏང་གི་སྲིད་ཇུས་ཡག་པས། ང་ཚོ་འབྲུ་རིགས་འདེབས་མཁན་གྱི་སེམས་ཤུགས་ཀྱང་སྔར་བས་ཆེ་རུ་ཕྱིན་སོང་། ད་ལོ་ས་བོན་གསར་པ་དང་ལག་རྩལ་གསར་པ་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཏེ། ལོ་ལེགས་ཡོང་བར་བྱེད་ཀྱི་ཡིན”ཞེས་ཝང་སུང་ཐའོ་ཡིས་བཤད།
དམངས་ཀྱི་འདོད་འདུན་གསལ་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྒྲིལ། ཐུན་མོང་ངོས་འཛིན་གཅིག་སྡུད། གདེང་ཚོད་ལྡབ་འཕེལ་བཅས་མི་དམངས་དུང་ཕྱུར་མང་པོས་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལེའུ་གསར་རྐྱང་རྩོམ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།