དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རང་བྱུང་ཐོན་ཁུངས་པུས“རང་བྱུང་སྲུང་སྐྱོང་པ་ཡག་ཤོས”མཉམ་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། སྤྱི་ཚོགས་ཡོངས་ལ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བར་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རང་བྱུང་ཐོན་ཁུངས་པུས་སྤྱི་ཚོགས་ཡོངས་ལ“རང་བྱུང་སྲུང་སྐྱོང་པ་ཡག་ཤོས”དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་པ་རེད།

    ཏིང་ཀྲེང་ཅང་དང་། ཧྲི་ཞའོ་ཅུན། ཝང་ཝུའེ་མིན། ཝང་ཀུའེ་ལིན། སྤེན་པ་སྒྲོལ་མ། ཞུས་ལེང་། ཞུས་ཧུའེ། ཧོང་ཝུའེ་ཀུའུ། ལེང་ཨན་པའོ་བཅས་བློ་མཐུན་9གཟི་བརྗིད་ལྡན་པའི་ངང་བདམས་ཐོན་བྱུང་ཡོད། ཁོང་ཚོ་ནི་རང་བྱུང་ཐོན་ཁུངས་ཀྱི་བྱ་གཞག་ལ་དགའ་ཞེན་ཆེན་པོ་ཡོད་པ་ཤ་སྟག་ཡིན་ཞིང་། ལ་ལས་རྨོ་ཞིང་དང་། ཡུན་རིང་གི་གཞི་རྩའི་ས་ཞིང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་བཅས་མཐའ་གཅིག་ཏུ་བསྲུངས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་བ་དང་། ལ་ལས་ཉིན་མཚན་བལྟོས་མེད་ངང་རི་ཀླུང་དང་ནགས་ཚལ་སྟུག་པོར་སྐོར་གཡེང་བྱས་ནས་དཀའ་སྤྱད་ངལ་རྩོལ་དང་རྔུལ་ཆུར་བརྟེན་ཏེ་ཕྱོགས་གཅིག་གི་སྐྱེ་ཁམས་བདེ་འཇགས་སྲུང་བ། ལ་ལས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཞིབ་འཇུག་ལ་ཤུགས་བརྒྱབ་ནས་ཚན་རྩལ་ལ་བརྟེན་ཏེ་རང་བྱུང་ཐོན་ཁུངས་བྱ་གཞག་གི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། ལ་ལས་གསར་གཏོད་ལ་བརྟེན་ནས་ཐོན་ཁུངས་ཐོ་འགོད་དང་དབང་ཆ་གཏན་འཁེལ་གྱི་དཀའ་གནད་བསལ་ཏེ་དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ། ལ་ལས་ལོ་མང་རིང་ས་གཤིས་གནོད་འཚེ་འགོག་བཅོས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་པ་ལ་སོགས། ཁོང་ཚོས་ལས་གནས་བརྟན་སྲུང་དང་། འབད་བརྩོན་ལས་བཀུར། འགག་སྒྲོལ་དཀའ་སེལ། འགྱུར་མེད་གསར་གཏོད་བཅས་བྱས་པ་ལས་དུས་རབས་གསར་པའི་རང་བྱུང་ཐོན་ཁུངས་ལས་དོན་པའི་བསམ་པའི་ཉམས་འགྱུར་གཅིག་སྡུད་ཐོག་མངོན་ཡོད།

    རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་དེ་དག་ནང་རང་བྱུང་སྲུང་སྐྱོང་པ་ཁྲི་སྟོང་མང་པོའི་བློས་གཏོང་དང་ལེགས་སྐྱེས་གཅིག་ཏུ་འདུས་ཡོད། “རང་བྱུང་སྲུང་སྐྱོང་པ་ཡག་ཤོས”མིག་དཔེར་འཛིན་པ་དང་། རང་བྱུང་ཁམས་ལ་གུས་བཀུར་གྱི་བསམ་པ་འཆང་བ། རང་བྱུང་ཁམས་ལ་བརྩི་འཇོག་དང་། བསྟུན་མཁས། སྲུང་སྐྱོང་བཅས་བྱེད་པ། རི་ཆུ་དང་སྐྱེ་ཁམས་བཟང་པོ་སྲུང་སྐྱོང་བཅས་བྱས་ནས་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཡོངས་བསྒྲགས་མཛད་སྒོར“རང་བྱུང་སྲུང་སྐྱོང་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཀྱི་བརྙན་ཐུང་བསྟན་ཏེ། ཕྱོགས་མི་འདྲ་བ་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་མྱོང་ཚོར་བརྗོད་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རང་བྱུང་ཐོན་ཁུངས་པུའི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“རང་བྱུང་སྲུང་སྐྱོང་པ་ཡག་ཤོས”ཀྱི་ལག་ཁྱེར་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།