དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “བོད་མིའི་འབྱུང་ཁུངས”ཀྱི་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་འཕྱོངས་རྒྱས་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-15

    འདི་ནི་འཕྱོངས་རྒྱས་རྫོང་གི་ཆང་ཁྱིམ་གྲོང་ཚོ་ཡིན་པ།

    འདི་ནི་ཡུལ་སྐོར་བས་འཕྱོངས་རྒྱས་རྫོང་གི་རྐང་ཐང་ལམ་དུ་རྟ་བཞོན་ནས་སྤྲོ་འཆམ་དུ་འགྲོ་བཞིན་པ།

    འདི་ནི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མས་འཇུ་བྲོ་འཁྲབ་བཞིན་པ།

    འདི་ནི་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་ཡུལ་མིས་ཡུལ་སྐོར་བར་ནས་ཆང་འགྱོག་བཞིན་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། འཕྱོངས་རྒྱས་རྫོང་གིས“ཐུ་བྷོད་ཀྱི་ཕ་ས”ཡི་ལོ་རྒྱུས་རྩ་བར་བཟུང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། “རིག་གནས་ལ་བརྟེན་ནས་རྫོང་སྐྱོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་བསྟར་ཞིང་། འདྲ་ཆགས་པོ་ཙམ་དང་ཕྱི་ཚུལ་ཙམ་མི་བྱེད་པར་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་། ཤུལ་བཞག་སྲུང་སྐྱོང་ཡག་པོ། མཉམ་འདྲེས་ལ་སྐུལ་འདེད་བཅས་ཏན་ཏན་ཏིག་ཏིག་བཏང་སྟེ། “བོད་མིའི་འབྱུང་ཁུངས”ཀྱི་རིག་གནས་རྩ་བ་ཚུགས་པ་དང་ཡན་ལག་རྒྱས་པར་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ལས་ཁྱིམ་ཚང་ཁྲི་སྟོང་ལ་ཕན་པ་ཐོབ་སྟེ་རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་འཛད་མེད་བསྣན་པ་རེད།

    འཕྱོངས་རྒྱས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཕྱིན་པའི་ཆེས་ཐད་ཀའི་འགྱུར་ལྡོག་ནི་ཉིན་བཞིན་འཐུས་སྒོ་་ཚང་དུ་འགྲོ་བཞིན་པའི་རྨང་གཞིའི་སྒྲིག་བཀོད་ནས་མཐོང་ལ། རིག་གནས་ལས་བྱུང་བའི་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ལས་ཀྱང་ཚོར་ཐུབ། ད་ཆའི་འཕྱོངས་རྒྱས་སུ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་རིག་གནས་ས་ཚིགས་ལྷན་དུ་སྦྲེལ་ནས་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་བ་དམ་པོ་ཞིག་ཆགས་ཡོད།

    ཆང་ཁྱིམ་གྲོང་ཚོའི་འགྱུར་ལྡོག་ནི་ལྷག་པར་མངོན་གསལ་དོད་ཅིང་། རིག་གནས་ཐང་ཆེན་གྱི་གསར་དུ་བཏིང་བའི་རྡོ་གཅལ་ལམ་བུ་གཙང་ཞིང་ཁོད་སྙོམས་ལ། ཉེ་འགྲམ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་འཐུང་ཆུ་དང་། ངལ་གསོའི་རྐུབ་སྟེགས། ལྟ་སྐོར་སྣེ་ཤན་རི་མོ་བཅས་གང་དགོས་འཛོམས་ཡོད། “བོད་ཀྱི་ནས་ཆང་གྲོང་ཚོ་དང་པོ”དེ་ཉིད་ཉི་འོད་འོག་དེ་བས་བཀྲག་མདངས་འཚེར་ཞིང་། གྲོང་ཚོ་འདི་ནི་འཕྱོངས་རྒྱས་རྫོང་གི་རྒྱལ་ཁབ་ཀྱི་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མ་ཡང་རེད།

    2025ལོར། “2024ལོ་ནས་2025ལོ་འཁོར་གྱི་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་བར་མཐོངས་མཛེས་ཤོས་ཀྱི་སྤེལ་རེས་འགྲེམས་སྟོན་བྱེད་སྒོའི”ནང་། ཆང་ཁྱིམ་གཞིས་ཀའི་སྤྱི་པའི་རིག་གནས་ལྟེ་གནས་གསར་གཏོད་དཔེ་མཚོན་རིགས་ཀྱི་ཕུལ་བྱུང་གྲུབ་འབྲས་ནང་ཚུད་པ་དང་། དེ་སྔའི་སྐུ་དྲག་གི་གཞིས་ཀ་དེ་ད་ཆ་ཡུལ་མིའི་རིག་གནས་དགའ་ཚལ་དུ་གྱུར་ཡོད།

    ལོ་ངོ་སྟོང་གི་ཤུལ་བཞག་སྲུང་སྐྱོང་དང་ཤེས་རིག་གི་འཕེལ་རྒྱུན་གཏན་དུ་སྣུར་སྲིང་ཐུབ་པ་ནི་འཕྱོངས་རྒྱས་ཀྱི་རིག་གནས་ཡུལ་སྐོར་གྱི་རྨང་གཞི་ཡིན། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་བྱས་རྗེས་འཕྱོངས་རྒྱས་ཀྱི་རིག་དངོས་སྲུང་སྐྱོང་ཚན་པ་155བར་མང་དུ་ཕྱིན་ཞིང་། རིག་དངོས་ཤུལ་བཞག་ཁག་ཚང་མར་ཆེད་མིས་སྲུང་སྐྱོང་བྱེད་པ་དང་སྲོལ་རྒྱུན་རིག་གནས་ཚང་མ་རྒྱུན་འཛིན་གང་ལེགས་བྱེད་བཞིན་ཡོད།

    འཇུ་བྲོའི་རིག་གནས་རྒྱུན་འཛིན་ལས་འཕྱོངས་རྒྱས་བའི་ཕུལ་བྱུང་རིག་གནས་བརྟན་སྲུང་གི་སྙིང་སྟོབས་གསལ་བོར་མངོན། ལོ་ངོ་1200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་ཞབས་བྲོ་དེ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་ཏེ། ལོ་80ལ་སླེབས་པའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མས་རྟག་ཏུ་གཞོན་ནུ་20ལྷག་ཙམ་འཁྲིད་དེ་གཡུལ་ཁར་ནང་སྦྱོང་བྱེད་ཀྱི་ཡོད། 2025ལོར་འཇུ་བྲོ་རུ་ཁག་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་གར་སྟེགས་སུ་འཁྲབ་སྟོན་བྱས་པ་དང་། ཉི་མས་རུ་མིའི་སྣེ་ཁྲིད་དེ་རྔ་སྒྲ་དང་བསྟུན་ཏེ་སྟངས་སྟབས་འགྲིག་པོ་བསྒྱུར་ནས་བོད་མི་རིགས་ཀྱི་ཉམས་བཟང་གང་ལེགས་མངོན། 2022ལོར་ཁོང་ལ“ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལོ་འཁོར་མི་སྣའི”གཟི་བརྗིད་མཚན་སྙན་ཐོབ་ཡོད།

    རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་སྤེལ་དང་ཡུལ་སྐོར་ལས་རིག་གནས་ཀྱི་གསོན་ཤུགས་མངོན། འཕྱོངས་རྒྱས་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རིག་གནས་ཀྱི་ཐོན་ཁུངས་དམངས་ཕྱུག་གི་མ་རྩར་བསྒྱུར་ཞིང་། མང་ཚོགས་ལ་འཕེལ་རྒྱས་ཁྲོད་ནས་ཕན་པ་ཐོབ་སྟེ་གྲོང་གསེབ་དར་རྒྱས་ཀྱི་དམངས་ཕྱུག་རི་མོ་ཞིག་བྲིས་ཡོད།

    ཟླ་བ་སྒྲོལ་མའི་ཕ་ཡུལ་གྱི་དམངས་སྲོལ་གནས་ཚང་དུ་སྦྱིན་བདག་བཀྲ་ཤིས་ཆོས་སྒྲོན་གྱིས་མགྲོན་ཁང་ལ་བསྡུ་གསོག་རྒྱག་བཞིན་འདུག གྱང་ངོས་སུ་ཐང་ག་སྤུས་ལེགས་བཀལ་ཡོད་པ་དང་སྒྲོག་ཙེའི་ཐོག་བསྒྲིགས་པའི་ཇ་བསྲུབས་མའི་དྲི་ཞིམ་གང་སར་འཐུལ། 2025ལོར་དམངས་སྲོལ་གནས་ཚང་དེར་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་སྐོར་དམངས་སྲོལ་གནས་ཚང་ཨང་དང་པོའི་མཚན་སྙན་ཡང་ཐོབ་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན། ཆང་ཁྱིམ་གྲོང་ཚོའི་ཡུལ་སྐོར་གཉེར་སྐྱོང་མཉམ་ལས་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་3ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་15བྱུང་ཡོད། དམངས་སྲོལ་གནས་ཚང་45ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.2བྱུང་སྟེ། དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ལས་ཡུལ་མིའི་སྐྱིད་སྣང་སྔར་བས་ཆེ་རུ་འགྲོ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།