ལྷ་ས།——
གནའ་གྲོང་ནས་དེང་རབས་ཅན་གྱི་གྲོང་གསར་བར།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ལྷག་ཙམ་སོང་རིང་། ས་མཐོའི་གནའ་གྲོང་ལྷ་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་5%ཡན་འཕར་བ་དང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་553ཟིན་པ། ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་55ལེགས་གྲུབ་བྱུང་བ། ཡུལ་སྐོར་བ་མི་ཐེངས་ཁྲི་5051ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར་606ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་16.8%དང་14.5%སོ་སོར་འཕར་ཡོད།
གྲོང་ཁྱེར་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་པ།
གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྨང་གཞི་སྔོན་ལ་འདིང་དགོས་ཤིང་། ལྷ་སས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་གཙོ་གནད་ལས་གྲྭར་བརྟེན་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་དུ་བཏང་བས། ད་ཆ་ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་གང་སར་སྐྱོད་སྐབས་མི་རྣམས་ལ་གྲོང་ཁྱེར་གྱི“སྒྲོམ་གཞི”ཉིན་བཞིན་བརྟན་དུ་སོང་ནས་གསོན་ཤུགས་ཀྱིས་ཁེངས་པའི་ཚོར་སྣང་ཟབ་མོ་ཞིག་ཡོང་གི་ཡོད།
ཉིན་ལྟར་ས་སྲོད་མཚམས་སུ་རྒན་ཡོལ་ཞུས་པའི་དགེ་རྒན་ཚེ་རིང་རྡོ་རྗེས་གཙང་འགྲམ་ལ་འཆམ་འཆམ་དུ་འགྲོ་ཞིང་། འཛུགས་སྐྲུན་བྱེད་བཞིན་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལམ་དུམ་ནས་རྒྱ་ཆེ་བའི་འགྲོ་ལམ་གྱི་སྒྲོམ་གཞི་རིམ་བཞིན་གྲུབ་པ་མཐོང་སྐབས་ཁོང་གིས“གཡས་གཡོན་གཉིས་སུ་སྔོ་ལྗང་ཁུལ་དང་དལ་བགྲོད་ལམ་ཡང་འཆར་འགོད་བྱས་པས་ལམ་དེ་བསྐྲུན་ཟིན་རྗེས། གྲོང་ཁུལ་རྙིང་པར་འགྲིམ་འགྲུལ་འཚང་ཁ་ཆེ་བའི་གནས་ཚུལ་ཞི་ལྷོད་དུ་གཏོང་ཐུབ་རྒྱུ་མ་ཟད། གཙང་འགྲམ་དུ་འཆམ་འཆམ་ལ་འགྲོ་སྐབས་ཀྱང་སྔོ་ལྗང་མཛེས་ལྗོངས་དེ་དག་མཐོང་ནས་སྣང་བ་སྐྱིད་པོ་ཡོང་ངེས་རེད”ཅེས་རེ་སྒུག་ཆེན་པོ་བྱེད་བཞིན་བརྗོད། སྤྱིའི་རིང་ཚད་སྤྱི་ལེ་8.04ཡོད་པའི་གྲོང་ཁྱེར་གྱི་མ་ལམ་འདི་འགྲིམ་འགྲུལ་གྱི་འཕར་རྩ་ལྟ་བུ་ཡིན་པ་མ་ཟད། གྲོང་མི་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྒུག་ཆེན་པོ་འདུས་ཡོད།
སྔོ་ལྗང་དང་དྭངས་གཙང་ཆུ་མོ་གྲོང་ཁྱེར་དུ་འདྲེན་པ།
ལྷ་ས་མཛེས་སྡུག་ལྷག་པར་ལྡན། རི་ཆུ་མཉམ་འདྲེས་སྐྱེ་ཁམས་ལེགས། གྲོང་ཁྱེར་འཛུགས་སྐྲུན་བྱེད་རིང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཏེ། སྐྱེ་ཁམས་སླར་གསོ་དང་མཛེས་ལྗོངས་ལེགས་གཏོང་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་ནས་གྲོང་མི་ཚོར་སྒེའུ་ཁུང་ཕྱེ་མ་ཐག་རྩྭ་རྩི་ཤིང་མཐོང་རྒྱུ་ཡོད་པ་དང་། སྒོ་དོན་མ་ཐག་སྐྱེད་ཚལ་དུ་སླེབས་པ། ཆུ་འགྲམ་དུ་འཆམ་འཆམ་ལ་བསྐྱོད་རྒྱུ་ཡོད་པ་བཅས་ཀྱི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད།
གཟའ་མཇུག་ཏུ་ཉི་དྲོ་གླིང་ལྷོ་ཕྱོགས་སུ་ཡོད་པའི་སྤྱི་གླིང་ནས་བྱིས་པའི་དགོད་སྒྲ་ལྷང་ལྷང་དུ་གྲགས་ཤིང་། གྲོང་མི་བཀྲ་ཤིས་ཀྱིས་རང་གི་བུ་ཁྲིད་དེ་ཆུ་འགྲམ་དུ་རྩེད་མོ་རྩེ་བཞིན་དུ“ཕྲུ་གུ་ཆུ་ལ་རྩེད་མོ་རྩེ་རྒྱུར་ཧ་ཅང་དགའ་པོ་འདུག”ཅེས་བཤད། སྤྱི་གླིང་དུ་ཆུ་ཡུར་འདྲུས་ནས་ཆུ་འདྲེན་པ་དང་ཆུའི་མཛེས་ལྗོངས་བཏོད་དེ། “ས་མཐོའི་ཆུའི་གྲོང་ཁྱེར”གྱི་ཉམས་འགྱུར་དེ་གྲོང་མིའི་སྒོ་འགྲམ་ནས་མངོན་པར་བྱས་ཡོད།
གཞི་ཁྱོན་དེ་བས་ཆེ་བའི་གླིང་ཕྲན་གཉིས་ཀྱི་ཆུའི་ལྗང་མདོག་སྐྱེ་ཁམས་བར་ཁྱམས་ཀྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་དེས་གྲོང་ཁྱེར་གྱི“ལྗང་མདོག་གློ་བ”ཞིག་བསྐྱར་དུ་བཏོད་ཡོད། ལྷ་ཞབས་གླིང་ཕྲན་དུ་སྡོད་པའི་གྲོང་མི་པད་མས“ཆུ་ལམ་བཅོས་སྒྲིག་བྱས་པས་ཆུ་དེ་བས་དྭངས་ཤིང་གཙང་བ་དང་། ཆུ་ངོགས་དེ་བས་སྔོ་ལྗང་ལྡན་པར་གྱུར་པ་མ་ཟད། ད་དུང་གདུང་འདེགས་འཕྲང་ལམ་བཟོས་པ་དང་། འདེགས་སྟེགས། གློག་སྒྲོན་སོགས་བསྒར་འདུག ས་སྲོད་སྐབས་བཀྲག་མདངས་འཚེར་བའི་ཆུ་ངོགས་བརྒྱུད་དལ་བུར་རྒྱུག་ཤར་གློད་པའམ་ཡང་ན་འདེགས་སྟེགས་ཐོག་ཡུད་ཙམ་སྡོད་སྐབས་སེམས་སྐྱིད་པོ་འདུག”ཅེས་བརྗོད། ལས་གྲྭ་དེས་འབྲུབ་འགོག་བདེ་འཇགས་དང་། སྐྱེ་ཁམས་སླར་གསོ། སྤྲོ་གསེང་བྱེད་ནུས་བཅས་ཟུང་འབྲེལ་གང་ལེགས་བྱས་ཏེ། གྲོང་མི་ཚོར་འཁྲུག་ཆ་དོད་པའི་གྲོང་ཁྱེར་དུའང“གྲམ་ཐང་གླིང་ཕྲན”དུ་སླེབས་པ་ལྟ་བུའི་སྤྲོ་སྣང་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱས་ཡོད།
རིག་ལྡན་དང་དྲོ་སྐྱིད་གལ་ཆེ་མཉམ་འཛིན་བྱས་པ།
གྲོང་ཁྱེར་གྱི་སྲོག་ཤིང་ནི་མི་རེད། ལྷ་སས་འཕེལ་རྒྱས་གཏོང་རིང་ཐོག་མཐའ་བར་གསུམ་དུ་དམངས་འཚོའི“འགག་གནད་ཆུང་ངུར”དམིགས་ཤིང་། གསར་གཏོད་བཅོས་སྐྱོང་དང་ཞབས་ཞུ་ལེགས་སུ་བཏང་བ་བརྒྱུད། འཕེལ་རྒྱས་ཀྱི་དྲོ་སྐྱིད་ཚལ་ཁྲོམ་དང་། གསང་སྤྱོད། རླངས་འཁོར་འཇོག་ས་སོགས་འཚོ་བའི་གང་ས་ཅི་ཐད་ནས་མཚོན་པར་བྱས་ཏེ་གྲོང་མི་ཚོའི་དངོས་དངོས་རྗེན་རྗེན་གྱི་ཐོབ་སྣང་དང་གཏོགས་སེམས་སུ་བསྒྱུར་ཡོད།
“ད་ཆ་རླངས་འཁོར་འཇོག་ས་ཚད་ལྡན་དང་སྟབས་བདེ་རུ་ཕྱིན་འདུག”ཅེས་ཁ་ལོ་བ་ཕུན་ཚོགས་ཀྱིས་བརྗོད་ཅིང་། ཁོང་ལ“མདོག་གསུམ་རླངས་འཁོར་འཇོག་སའི”དོ་དམ་བྱ་ཐབས(འཕྲལ་འགོག་འཕྲལ་སྐྱོད་དང་། གཏན་འཁེལ་དུས་ཚོད་ནང་རིན་པ་མི་བསྡུ་བ། ཉིན་མཚན་མེད་པར་རིན་པ་བསྡུ་བ)བཅས་ལ་མྱོང་ཚོར་ཟབ་མོ་ཡོད། “སྐབས་འཕྲལ་གྱི་དོན་དག་སྒྲུབ་པར་སྐབས་འཕྲལ་གྱི་རླངས་འཁོར་འཇོག་ས་ཡོད་པ་དང་། དགོང་མོ་ཁྱིམ་དུ་ལོག་སྐབས་མཚན་མོའི་རླངས་འཁོར་འཇོག་ས་ཡོད་པ། མཚོན་རྟགས་ཁ་གསལ་བ། ཚང་མས་གཏན་འབེབས་གཞིར་བཟུང་རླངས་འཁོར་འཇོག་པ་བཅས་ལས་འགལ་བ་ཉུང་དུ་ཕྱིན་ཡོད་ལ་འགྲོ་ལམ་ཡང་ཤར་གཏོང་ཐུབ་ཡོད”གསར་གཏོད་དེས“རླངས་འཁོར་འཇོག་ས་དཀོན་པའི”གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ནས་ཚད་ལྡན་དང་སྟབས་བདེ་གཉིས་ཀ་བྱུང་ཡོད།
གསང་སྤྱོད་ལ་འགྲོ་བ་ལྟ་བུའི“དོན་ཆུང”དག་ལས་ཀྱང་གྲོང་ཁྱེར་འཛུགས་སྐྲུན་གྱི་དྲོ་སྐྱིད་མཚོན་ཞིང་། ཁོར་ཡུག་སྲུང་སྐྱོང་པ་འཆི་མེད་ཀྱིས་ཡུག་ཁུལ་དུ་གསར་སྐྲུན་བྱས་པའི་སྤྱི་པའི་གསང་སྤྱོད་ལ་གཙང་སྦྲ་བྱ་རྒྱུའི་འགན་འཁུར་གྱི་ཡོད། ཁོང་གིས“ང་ཚོས་ད་ལྟ་བླང་བྱ་གཞིར་བཟུང་ཆུ་ཚོད་ཕྱེད་ཀ་རེར་གཙང་སྦྲ་ཐེངས་རེ་བྱེད་ཀྱི་ཡོད། སྒྲིག་བཀོད་ལ་སྐྱོན་ཤོར་ཚེ་འཕྲལ་དུ་ཉམས་གསོ་བྱེད་པར་ཡོང་རྒྱུའི་ཐོ་འགོད་ཀྱི་ཡོད། ཡུལ་སྐོར་བ་མང་པོ་ཞིག་གིས་ལྷ་སའི་གསང་སྤྱོད་གཙང་མ་འདུག་ཅེས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག”ཅེས་བརྗོད།
ད་ཆ་ལོ་ངོ་སྟོང་གི་གནའ་གྲོང་གིས་འབད་བརྩོན་དེ་བས་ཆེན་པོ་དང་ཐུགས་ཁུར་དེ་བས་ཆེན་པོས་ས་མཐོའི་གནས་འཕྲོད་གྲོང་ཁྱེར་དང་། གསོན་ཤུགས་ལྡན་པའི་གྲོང་ཁྱེར། བདེ་སྐྱིད་ལྡན་པའི་གྲོང་ཁྱེར་བཅས་ཀྱི་རྣམ་པ་གསར་རྐྱང་མུ་མཐུད་གཏོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།