ལྷ་གཞིས་ལྕགས་ལམ་གྱི་དྲོ་སྐྱིད་སྲུང་བ།
“སྐྱོད་ཐུབ་པ”ནས“ཡག་པོ་སྐྱོད་ཐུབ་པའི”བར་གྱི་འགྱུར་ལྡོག
“མཁའ་ལམ”གྱི་སྣུར་སྲིང་ལམ་ཐིག་ཡིན་པའི་ལྷ་གཞིས་ལྕགས་ལམ་དུ་2014ལོར་མེ་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་ས་ནས་གཞིས་རྩེར་ཐད་ཀར་འབྱོར་བའི་ལམ་ཐིག་དེར་བསྡོམས་སྤྱི་ལེ་253ཡོད། མྱུར་ཚད་དཀྱུས་མའི་དུས་གཏན་མེ་འཁོར་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བར་དང་། ཉིན་རེར་མེ་འཁོར་ཆ་2གཏོང་བ་ནས་འགྲོ་འོང་བྱེད་མཁན་མང་དུས་མེ་འཁོར་ཆ་4གཏོང་བའི་བར། ཆུ་ཚོད་3ཙམ་གྱི་ལམ་ཐག་ཆུ་ཚོད་2ལྷག་ཙམ་བར་ཐུང་དུ་སོང་བ་སོགས། ལོ་10ལྷག་ཙམ་རིང་ལྕགས་ལམ་དེས་འགྲོ་སྐྱོད་ཡུལ་དུས་གྱི་བར་ཐག་ཐུང་དུ་བཏང་བ་མ་ཟད། ས་གནས་གཉིས་པོའི“གྲོང་ཁྱེར་མཉམ་འབྲེལ”འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། “ལྷ་གཞིས་ལྕགས་ལམ་གྱི་འགྲུལ་རྒྱུན་ལོ་ལྟར་བརྟན་པོ་ཡོད་པས། ས་གནས་རང་གི་མང་ཚོགས་ཚོའི་ཕྱིར་སྐྱོད་ཀྱི་གདམ་ག་དང་པོར་གྱུར་ཡོད”ཅེས་ལྷ་གཞིས་ལྕགས་ལམ་དུ་ལས་ཀ་བྱས་ནས་ལོ་3སོང་བའི་མེ་འཁོར་འགོ་འཛིན་ཝང་ལེས་སྤོབས་པ་ཆེན་པོས་བཤད།
ལོ་29ལ་སླེབས་པའི་བསྟན་འཛིན་དོན་གྲུབ་གཞིས་རྩེར་ལས་ཀ་ཡོད་ལ། ཟླ་རེར་གཞིས་རྩེ་ནས་ལྷ་སའི་བར་་ཐེངས་གསུམ་བཞི་ཙམ་འགྲོ་འོང་བྱེད་དགོས་ཀྱི་ཡོད། ཁོང་གིས“ལྷ་གཞིས་ལྕགས་ལམ་ནི་སྤྱི་སྤྱོད་རླངས་འཁོར་ལ་བསྡད་པ་ལྟར་སྟབས་བདེ་པོ་འདུག་ལ། སྤ་སེའི་རིན་གོང་ཁེ་པོ་ཡོད་པས་ཕར་འགྲོ་ཚུར་འོང་མང་པོ་བྱེད་དགོས་ཀྱང་སྣང་དག་མི་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།
ལོ་27ལ་སླེབས་པའི་མེ་འཁོར་ཞབས་ཞུ་བ་ཉེ་ལེང་ནི་ཧུའུ་ནན་ནས་ཡིན་པ་དང་ལྷ་གཞིས་ལྕགས་ལམ་དུ་ལས་ཀ་བྱས་ནས་ལོ་2སོང་ཡོད། གཟུགས་པོའི་རིང་ཚད་ལ་སྨི་1.8ཡོད་པའི་ཁོང་ནི་གཤིས་ཀ་འཇམ་པ་མ་ཟད། ལས་ཀ་གང་བྱས་ལ་ཞིབ་ཚགས་པ་དང་། མེ་འཁོར་ནང་དུ་ལས་སྒྲུབ་བྱེད་སྐབས་ལྟོ་ཕད་ནང་རྟག་ཏུ་ཁྲོག་ལེ་དང་འགྱིག་ཤོག་འཁྱེར་གྱི་ཡོད།
“མེ་འཁོར་ཞོགས་པར་སྔ་པོ་ནས་གཏོང་གི་ཡོད་པས། འགྲུལ་པ་ཁ་ཤས་ལ་ཞོགས་ཟས་ཟ་ལོང་མ་བྱུང་བར་ཁྲག་མངར་དམའ་རུ་འགྲོ་གི་ཡོད། དེ་དུས་ཁྲོག་ལེ་ཟས་ན་ཕན་པ་ཆེན་པོ་ཡོད། འགྱིག་ཤོག་འཁྱེར་དོན་ནི། དེའི་ནང་ཆུ་ཚ་པོ་བླུགས་ནས་འགྲུལ་པར་ལྟོ་ཆས་ཚ་པོ་བཟོ་རོགས་བྱེད་ཆོག་པས། སྤྱོད་གོ་ཆོད་པའི་བྱེད་ཐབས་ཡག་པོ་ཞིག་ཡིན”ཞེས་ཉེ་ལེང་གིས་འགྲེལ་བཤད་བརྒྱབ།
ད་ལོའི་བོད་ཀྱི་ལོ་གསར་རིང་། མེ་འཁོར་གྱི་ལས་སྒྲུབ་ཚོགས་པས་ཆེད་མངགས་བྱི་རིལ་དང་རྩེད་ཆས་ཆུང་ངུ་གྲ་སྒྲིག་བྱས་ནས་འཁོར་སྒྲོམ་ནང་གི་གྲོགས་པོ་ཆུང་ཆུང་ཚོར་སྤྲད་པ་མ་ཟད། འགྲུལ་པ་དང་མཉམ་དུ་བཀྲ་ཤིས་གཡང་ཡིག་སྦྱོར་བ་དང་། ལྒང་བཞུ་འགེལ་བ། གྲོགས་པོ་ཆུང་ཆུང་ཁྲིད་ནས་མེ་འཁོར་ལ་ལྟ་སྐོར་དང་མེ་འཁོར་ནང་གི་སྒྲིག་བཀོད་ངོ་སྤྲོད་བཅས་ཀྱི་བྱ་འགུལ་ཡང་སྤེལ་ཡོད། “ཁྱིམ་ཚང་ཞིག་གི་ནང་མི་དྲུག་པོ་གཞིས་རྩེ་ནས་ལྷ་སར་གཉེན་ཉེ་འཕྲད་པར་འགྲོ་མཁན་དང་ཐུག་བྱུང་། ངས་ཁོང་ཚོར་ནང་མི་མཉམ་འཛོམས་ཀྱི་པར་རྒྱག་རོགས་བྱས་པ་ཡིན། ཁོང་ཚོ་ཧ་ཅང་དགའ་པོ་བྱུང་སོང”ཞེས་ཉེ་ལེང་གིས་བཤད།
ཤོག་བུའི་སྤ་སེ་སྔོན་པོ་ནས་གློག་རྡུལ་སྤ་སེའི་བར་དང་། མྱུར་ཚད་དཀྱུས་མའི་དུས་གཏན་མེ་འཁོར་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་བར། “སྐྱོད་ཐུབ་པ”ནས“ཡག་པོ་སྐྱོད་ཐུབ་པའི”བར་འགྱུར་ལྡོག་བྱུང་སྟེ། ལྷ་གཞིས་ལྕགས་ལམ་གྱིས་བོད་ཀྱི་འཕེལ་རྒྱས་ལ་བདེན་དཔང་བྱས་ཡོད་ལ། མཁའ་ལམ་དེར་ཉེ་ལེང་ལྟ་བུའི་གཞོན་ནུས་སེམས་རྩ་འཁོལ་པོ་དང་ངང་རྒྱུད་རིང་པོས་འགྲུལ་བཞུད་ལམ་བུའི་དྲོ་སྐྱིད་སྲུང་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།