དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་ལེགས་གཏོང་གིས་བོད་བྱང་ཐང་གི་བདེ་ཐང་རྨང་གཞི་བརྟན་པོ་སྲུང་བ།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་དགུ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-15

    ཀྲུང་དབྱང་ནོར་སྲིད་ཀྱིས་གཞུང་བཙུགས་སྨན་ཁང་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ་དང་། རིམ་ཁག་སྤུས་ཚད་ཚོད་འཛིན་ལྟེ་གནས་མེད་པ་ནས་ཡོད་པར་གྱུར་ཏེ་གྲོང་ཁྱེར་རིམ་པའི་སྤུས་ཚད་ཚོད་འཛིན་ལྟེ་གནས་8དང་རྫོང་རིམ་པའི་སྤུས་ཚད་ཚོད་འཛིན་ལྟེ་གནས་22བསྐྲུན་པ། ཏོག་དབྱིབས་འཕར་རྩའི་སྒྲོམ་སྐྱོར་བསྒར་འཇུག་གཤགས་བཅོས་དང་པོ་སོགས་གཤགས་བཅོས་དང་པོ་མང་པོ་ཞིག་ས་གནས་དེ་གར་བྱེད་མྱོང་མེད་པའི་སྟོང་ཆ་བསྐངས་པ་སོགས།

    ལྗིད་ཏིག་ཏིག་གི“བདེ་ཐང་གྲུབ་འབྲས”འདི་ཆ་སྙོམས་ས་བབ་སྨི་4500ཟིན་པའི་བྱང་ཐང་ས་མཐོར་བརྐོས་ཡོད། དེ་གར་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་། ས་རྒྱ་ཡངས་ཤིང་མི་འབོར་ཉུང་བས། དུས་ཡུན་རིང་པོར་སྨན་བཅོས་ཀྱི་ཐོན་ཁུངས་དཀོན་པ་དང་། ཞབས་ཞུ་སྒྲུབ་རྒྱ་ཆེ་བ། ས་གནས་ཀྱི་ནད་གཞི་མང་པོ་ཐོན་པ་སོགས་ཀྱི་དཀའ་གནད་འཕྲད་མྱོང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚུན་དུ། ནག་ཆུ་གྲོང་ཨུད་ཀྱིས་རང་སྐྱོང་ལྗོངས་ཀྱི“དམིགས་པ་ལྔ”ཡི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱུན་མཐུད་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པ་དང་། “གཞི་རིམ་དུ་སྐྱོད་པ་བཞི་དང་དོན་འཁྱོལ་ལ་དམ་འཛིན་ཆེན་པོ་བྱེད་པའི”ལས་ཀའི་བླང་བྱ་ལག་ལེན་ནན་ཏན་བསྟར་ཏེ། སྤྱོད་ཚུལ་ལེགས་གཏོང་གི་ཕན་འབྲས་དེ་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཐོན་ཁུངས་གཤམ་དུ་ཕྱོགས་པ། དམངས་འཚོ་ཀུན་ཕན་བཅས་ཀྱི་བྱ་སྤྱོད་དངོས་ལ་བསྒྱུར་ནས་ནག་ཆུས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་གི་འཇུར་མིག་གནད་དོན་ནུས་ལྡན་ངང་བསལ་བ་མ་ཟད། བྱང་ཐང་གི་ས་གཞི་ཆེན་པོར་བདེ་ཐང་འགན་སྲུང་གི་དྲ་བ་ཚགས་དམ་དུ་བཏང་ནས་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་རྒྱུན་མཐུད་ཆེ་རུ་བཏང་ཡོད།

    སྒོ་རྩའི་སྨན་བཅོས་འགན་སྲུང་།

    “དེ་སྔ་བསིང་བཅོས་བྱེད་དགོས་ན་ལྷ་སར་འགྲོ་དགོས་པས་ཕར་ཚུར་འགྲོ་འོང་ཁོ་ནར་དཀའ་ངལ་ཆེན་པོ་འཕྲད་པ་མ་ཟད་འགྲོ་སོང་ཡང་ཆེན་པོ་ཡོད། ད་ཆ་སྒོ་རྩར་ཡོད་པའི་སྨན་ཁང་དུ་སྨན་བཅོས་བྱེད་ཐུབ་པས་ང་ཚོའི་གནད་དོན་ཆེན་པོ་དངོས་གནས་ཐག་གཅོད་ཐུབ་སོང”ཞེས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་ཟུངས་ཁྲག་བསིང་བཅོས་ལྟེ་གནས་སུ་མཁལ་ནད་ཕོག་པའི་དཀོན་མཆོག་དར་རྒྱས་ཀྱིས་མྱོང་ཚོར་ཟབ་མོས་ནག་ཆུའི་ནད་པ་མང་པོ་ཞིག་གི་སེམས་གཏིང་གི་སྐད་ཆ་བཤད།

    དེ་སྔ། དཀོན་མཆོག་དར་རྒྱས་ཀྱི་དུས་ཚོད་ཚང་མ་སྨན་ཁང་དུ་བསིང་བཅོས་དང་ཁྱིམ་དུ་ལོག་པའི་བར་ཟད་འགྲོ་གི་ཡོད། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་དུ་སྡོད་པའི་ཁོང་ལྷ་སར་བསིང་བཅོས་བྱེད་པར་འགྲོ་བའི་ལམ་བར་ཁོ་ནར་ཆུ་ཚོད་ལྔ་ལྷག་ཙམ་འགོར་གྱི་ཡོད་ཅིང་། གཟའ་འཁོར་རེར་བསིང་བཅོས་ཐེངས་གསུམ་བྱེད་དགོས་སྟབས། ཁོང་ལྷ་སར་ཁང་པ་མི་གླ་ཀ་མེད་དུ་གྱུར་ནས་གཟའ་འཁོར་རེར་ཁྱིམ་དུ་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད།

    2024ལོའི་ཟླ་9པར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཟུངས་ཁྲག་བསིང་བཅོས་ཁང་སྐྲུན་འགོ་བཙུགས་པ་དང་2025ལོའི་ཟླ་3པར་དངོས་སུ་སྨན་བཅོས་བྱེད་འགོ་བཙུགས་ཡོད། ད་ཆ་དཀོན་མཆོག་དར་རྒྱས་ཁྱིམ་ནས་སྨན་ཁང་དུ་བསིང་བཅོས་བྱེད་པར་འགྲོ་བར་རླངས་འཁོར་ལ་བསྡད་ན་ཆུ་ཚོད་གཅིག་ལྷག་ཙམ་ལས་འགོར་གྱི་མེད།

    ལི་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁྲག་བསིང་བཅོས་ཁང་དུ་ཆེད་ལས་སྨན་བཅོས་ཚོགས་པ་བཙུགས་ནས་ཁྲག་བསིང་བཅོས་འཕྲུལ་ཆས་8སྒྲིག་སྦྱོར་བྱས་ཡོད། 2025ལོའི་ལོ་མཇུག་བར་རིམ་རྩིས་བརྒྱབ་ན་ནད་པ་མི་ཐེངས་649ལ་སྨན་བཅོས་བྱས་ཏེ་ས་མཐོའི་མཁལ་མའི་ནད་གཞི་ཕོག་པའི་ནད་པར་བདེ་ཐང་འགན་སྲུང་གི་ཞབས་འདེགས་ཞུས་ཡོད།

    གཅོང་ནད་སྨན་བཅོས་ཀྱི་དཀའ་གནད་ཕུད། གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་ཁོར་ཡུག་དབང་གིས་གྲུམ་བུའི་ནད་མང་པོ་ཐོན་པ་དེས་ཀྱང་དུས་ཡུན་རིང་པོར་ནག་ཆུའི་མང་ཚོགས་ལ་དཀའ་ངལ་བཟོས་ཡོད། 2023ལོ་ཚུན་དུ་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“ཚགས་བཤེར་དྲིལ་བསྒྲགས་སློབ་གསོ་དང་། སྤྱི་ཕན་གཤགས་བཅོས། ལག་རྩལ་བྱང་ཆུབ་པོ”བཅས་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་སྟངས་ལ་བརྟེན་ནས་རུས་ཚིགས་བརྗེ་བའི་གཤགས་བཅོས་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད། 2024ལོའི་ཟླ་12པར། སྨན་ཁང་དེ་ཉིད་གྲུམ་བུ་ཚིགས་ཆེན་ནད་ཀྱི་ཆེད་ལས་སྨན་ཁང་དུ་དཔྱད་འདེམས་བྱས་པ་རེད།

    དེ་སྔ“སྨན་བཅོས་དཀའ་བ་དང་སྨན་རིན་མཐོ་བ”ནི་ས་མཐོའི་མང་ཚོགས་ཀྱི་སེམས་ནད་ཅིག་རེད། ད་ཆ། སྨན་བཅོས་ཀྱི་སྟོང་ཆ་རེ་རེ་བཞིན་གསབ་པ་དང་བདེ་ཐང་ཞབས་ཞུ་སྒོ་རྩར་རེ་རེ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས། འབྲོག་པ་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་སྣང་དེ་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་གྲོང་ཁྱེར་གྱི་ས་ཆར་རྩ་བ་བརྟན་པོར་ཚུགས་བཞིན་ཡོད།

    ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་གསོ་སྐྱོང་བྱས་པ།

    “དེ་རིང་གང་འདྲ་འདུག རྐང་པ་འདེགས་ཐུབ་ཀྱི་འདུག་གམ། ད་དུང་ཉིན་གསུམ་བསྡད་ན་སྨན་ཁང་ནས་དོན་ཆོག གཤགས་བཅོས་རྗེས་ཀྱི་དྲག་སྐྱེད་སྦྱོང་བརྡར་ལ་ལྷོད་གཡེང་གཏོང་རྒྱུ་མེད་ལ་ལས་ཀ་ལྕི་པོ་བྱེད་རྒྱུ་མེད། ང་ཚོས་དུས་བཀག་ལྟར་དྲ་ཐོག་ནས་འཚམས་ལན་བྱེད་ཀྱི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་ཕུན་ཚོགས་ནོར་བུས་ནད་ཁང་དུ་འཛུལ་ནས་ཞི་འཇམ་པོས་བཤད། ཁོང་གིས་སྐད་ཆ་འདྲི་ཞོར་དུ་ནད་དེབ་ཐོག་ནད་པའི་དྲག་སྐྱེད་གནས་ཚུལ་ཐོ་གསལ་པོ་བཀོད།

    འདི་ནི་ནག་ཆུའི་སྨན་བཅོས་ཀྱི“བརྒྱུད་རོགས་ཁྲིད་གསུམ”གྱི་རྒྱུན་གཏན་ལས་ཀ་ཞིག་རེད། 2008ལོར་ཕུན་ཚོགས་ནོར་བུ་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་མཚོ་གཉིས་རྫོང་ཡག་ཆུ་ཤང་འཕྲོད་བསྟེན་ཁང་དུ་ལས་བགོས་བརྒྱབ་པ་དང་། སྐབས་དེ་དུས་ཁོང་གིས་སྨན་བཅོས་བྱེད་པའི་ནད་པ་ཕལ་ཆེ་བ་ནི་མགོ་ན་བ་དང་། ཆམ་པ་བརྒྱབ་པ། རྡབ་ཆག་ཤོར་ནས་རྨས་སྐྱོན་ཕོག་པའི་རིགས་ཡིན་ལ། དེའི་ནང་ནས་རྙོག་དྲ་ཆེ་ཤོས་ནི་རྨ་ཁ་འཚེམ་རྒྱུ་དེ་རེད། 2013ལོར་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱས་རྗེས་ཁོང་དཀའ་གནས་སུ་གྱར་བ་སྟེ། “ནད་ཐོ་ཚད་ལྡན་དུ་གཏོང་བ་དང་ཚད་ལྡན་ཅན་གྱི་སྨན་པའི་ཁ་ཏ་ཚང་མ་འགོ་ནས་སྦྱོང་དགོས་སྟབས་དེ་སྔོན་སྦྱངས་པའི་ཉམས་མྱོང་གིས་རྩ་བ་ནས་གོ་ཆོད་ཀྱི་མེད་པ་དེ་རེད”

    འཚར་ལོངས་ཀྱི་ལམ་བུར་ཕྱི་ནང་མཉམ་ཤུགས་ཀྱིས་མཐུན་རྐྱེན་སྦྱོར་རྒྱུ་དེ་གལ་འགངས་ཤིན་ཏུ་ཆེ་ཞིང་། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་སྐྱོད་རིང་ཕུན་ཚོགས་ནོར་བུས་ས་མཐོའི་རུས་ཆག་གི་ཁྱད་པར་ཅན་གྱི་སྨན་བཅོས་དང་རུས་ཚིགས་བརྗེ་བ་སོགས་ཀྱི་ལྟེ་བའི་ལག་རྩལ་བརྒྱུད་རིམ་ལྡན་པའི་ངང་སྦྱངས་པ་མ་ཟད། སྔོན་ཐོན་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་ཀྱང་བྱང་ཆུབ་པ་སྦྱངས་ཡོད། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་རོགས་རམ་ལས་ཁོང་ལ་དེ་བས་ཕན་པ་ཆེན་པོ་ཐོབ་ཡོད། “རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་གོང་དུ་གྲོས་བསྡུར་བྱེད་པ་ནས་གཤགས་བཅོས་བྱས་རྗེས་ཀྱི་དྲག་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་སློབ་ཁྲིད་བྱེད་པའི་བར་ང་ཚོར་གནད་དོན་ལ་དབྱེ་ཞིབ་བྱེད་སྟངས་སློབ་ཀྱི་ཡོད”ད་ཆ་ཁོང་ནག་ཆུའི་རུས་ནད་ཚན་ཁག་གི་སྣེ་ཁྲིད་ཤེས་ལྡན་པར་གྱུར་ནས་རྙོག་དྲ་ཆེ་བའི་གཤགས་བཅོས་མང་པོ་བྱེད་ཐུབ་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཨུད་ཀྱིས“བརྒྱུད་རོགས་ཁྲིད་གསུམ”ལྟེ་བའི་བྱེད་ཐབས་སུ་བྱས་ཏེ། ལེའོ་ཉིང་དང་ཀྲེ་ཅང་སོགས་ཀྱི་བོད་སྐྱོར་ཐོན་ཁུངས་ལ་བརྟེན་ནས“གནས་སྡོད་སློབ་ཁྲིད་དང་། ཟབ་སྦྱོང་སློབ་སྦྱོང་། རྒྱང་བསྟེན་མཛུབ་ཁྲིད”བཅས་ཀྱི་གསོ་སྐྱོང་ལམ་སྲོལ་བཙུགས་ཡོད། ལོ་ལྔའི་རིང་ཁྱོན་བསྡོམས་ཁག་ཐེངས་2ཀྱི་རིགས་གཅིག་མཁས་ཅན་122བཅའ་སྡོད་བྱས་པ་དང་། ས་གནས་དེ་གའི་རྐང་འཛིན་པ་96གསོ་སྐྱོང་བྱས་པ། ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ་120ལྷག་ཙམ་སྤེལ་བ་ནས་རྣམ་གྲངས་77གྱིས་ས་གནས་དེ་གའི་སྨན་བཅོས་ཀྱི་སྟོང་ཆ་བསྐངས་ཡོད།

    ད་ཆ་ནག་ཆུའི་སྨན་བཅོས་ཞབས་ཞུ་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཞིང་། གྲོང་ཁྱེར་མི་དམངས་སྨན་ཁང་གི“ལྟེ་གནས་ཆེན་པོ་ལྔ”སྤྱོད་འགོ་ཚུགས་ཏེ། སོག་རྫོང་དང་དཔལ་མགོན་རྫོང་གི་མྱུར་སྐྱོབ་ཀྱི་འབྲེལ་ཡོད་ཚན་ཁག་སྔ་རྗེས་སུ་བཙུགས་པ་དང་། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་སྨན་བཅོས་ཆེད་ལས་པ་800ཙམ་མང་དུ་ཕྱིན་ནས་ཤེས་ལྡན་པའི་འོས་གྲབས་དཔུང་ཁག་ཉིན་བཞིན་ལུགས་མཐུན་དུ་གྱུར་པ། སྨན་པའི་ཀུན་སྤྱོད་ལ་དཔྱད་བསྡུར་བྱ་རྒྱུ་དེ་ལས་རྗེས་དང་འབྲེལ་བ་བཟོས་པས་ཞབས་ཞུ་ཚད་གཞི་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་ཡོད།

    “གཞན་བརྟེན”ནས“རང་བརྟེན”བར་དང་། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་ནས་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བའི་བར། ནག་ཆུས“གནས་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཐབ་ཕོད་པ”བཅས་ཀྱི་ས་མཐོའི་སྨན་བཅོས་རུ་ཁག་ཅིག་བཏོད་དེ་བདེ་ཐང་གི་འོད་ཟེར་བྱང་ཐང་དུ་འཕྲོ་བར་བྱས་ཡོད།

    ཞབས་ཞུ་ལེཌ་སུ་བཏང་ནས་མི་སེམས་དྲོ་བར་བྱེད་པ།

    “སྔོན་ཆད‘རྒན་གསོ་དཀའ་བ་དང་སྨན་བཅོས་ཀྱི་ལམ་ཐག་རིང་བར’སྐྲག་གི་ཡོད་མོད། འོན་ཀྱང་ད་ཆ་ནད་ཆུང་སྨན་བཅོས་བྱེད་ཐུབ་པ་དང་ནད་ཆེན་སྔ་ཙམ་སྔོན་འགོག་བྱེད་ཐུབ་སྟེ་ཉིན་ལྟར་བདེ་ཐང་ལ་བརྟག་དཔྱད་བྱེད་མཁན་དང་བཟའ་བཏུང་ལ་དོ་དམ་བྱེད་མཁན་སྨན་དོན་པ་ཡོད་པས་དངོས་གནས་བདེ་སྐྱིད་རང་རེད་འདུག”ཅེས་ལོ་64ལ་སླེབས་པའི་རྒན་རྒོན་ནོར་བཟང་གིས་བཤད།

    དེ་སྔ་རྒན་རྒོན་ལ་འཕྲད་པའི་རྒན་གསོ་དང་སྨན་བཅོས་ཀྱི་དཀའ་གནད་གཉིས་ལ་དམིགས་ཏེ། ནག་ཆུ་གྲོང་ཨུད་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ་གྲོང་ཁྱེར་གྱི་གསོ་བཅོས་ཟུང་འབྲེལ་ལྟེ་གནས་བཙུགས་ནས“རྒན་གསོ་བྱེད་རིང་སྨན་བཅོས་ཐུབ་པ་དང་སྨན་བཅོས་བྱེད་རིང་རྒན་གསོ་ཐུབ་པའི”བདེ་ཐང་རྒན་གསོའི་ལམ་སྲོལ་བཟོས་ཡོད།

    “སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱས་ཚེ་ས་མཐོའི་རྒན་རྒོན་གྱི་འཚོ་བ་དེ་བས་སྐྱིད་དུ་འགྲོ་ཐུབ”ཅེས་ནག་ཆུ་གྲོང་ཁྱེར་སྨན་རྩིས་ཁང་གི་ཡོན་ཀྲང་གཞོན་པ་ཉི་མ་སྒྲོལ་མས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ལྟེ་གནས་ཀྱིས་ས་མཐོའི་རྒན་རྒོན་ལ་གཅོང་ནད་མང་བ་དང་མྱུར་སྐྱོབ་བྱེད་དཀའ་བའི་ཁྱད་ཆོས་ལ་དམིགས་ནས། སྨན་བཅོས་ཀྱི་ཐོན་ཁུངས་རྒན་གསོའི་འཐབ་ས་དང་པོར་བཀོད་སྒྲིག་བྱས་ཏེ། ཉིན་ལྟར་བདེ་ཐང་ལྟ་ཞིབ་ཚད་ལེན་དང་སྨན་གཏོང་བར་མཛུབ་སྟོན་བྱས་པ་མ་ཟད། བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་། ཁབ་བཙའ། ཚྭ་དུགས་སོགས་ཁྱད་ལྡན་བཅོས་ཐབས་མཉམ་འདྲེས་བྱས་ནས་རྒན་གསོའི་ཞབས་ཞུ་དེ“གསོན་ཐབས”ནས“སྤུས་དག་རྣམ་པའི”ཕྱོགས་སུ་མཆོང་སྐྱོད་ཐུབ་པར་སྐུལ་འདེད་བཏང་ཡོད། 2020ལོའི་ཟླ་བ་དང་པོ་ནས་གཉེར་སྐྱོང་བྱས་རྗེས་ད་བར་ལྟེ་གནས་ཀྱིས་རིམ་རྩིས་བརྒྱབ་ན། རྒན་རྒོན་མི་ཐེངས་4509ལ་ཞབས་འདེགས་ཞུས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་ཆག་ཡང་དང་རྩ་ཆག་སྒོར་ཁྲི་116.24བཏང་བ། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་1254ལ་གཅོང་ནད་ཀྱི་བདེ་ཐང་ཡིག་ཚགས་བཟོ་བ་བཅས་བྱས་ཏེ། ས་མཐོའི་རྒན་རྒོན་ཚོས་སྨན་བཅོས་འགན་སྲུང་གི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་ཅེས་བརྗོད་པ་རེད།

    མིག་སྔར། གྲོང་ཁྱེར་སྨན་རྩིས་ཁང་སོགས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་སྒྲིག་གཞི་9ཡིས་སྔོན་ལ“མཚན་མོའི་སྒོ་བསྟེན་སྨན་ཁང་དང་བོད་ཀྱི་གསོ་བ་རིག་པའི་ཁྱད་ཆོས་ལྡན་པའི་བཅོས་ཐབས་ཟུང་འབྲེལ”གྱི་ཐབས་ལམ་སྤྱད་དེ་དྲ་ཐོག་ནས་སྔོན་མངག་དང་ས་གནས་ས་ཐོག་ཏུ་ཨང་ཐོ་འགོད་པའི་བགྲོད་ལམ་གཉིས་ཤར་གཏོང་བྱས་ཏེ། “འཚང་གཡོལ་སྨན་བཅོས”གཙོ་གནད་ཐོག་ལག་ལེན་བསྟར་ཏེ་ལས་ཀར་འགྲོ་མཁན་དང་སློབ་མའི་ཚོགས་སྤྱིར་གནད་སྨིན་ཁྱབ་པར་བྱས་ནས“དུས་ཚོད་སྣུར་སྲིང་དང་། སྤུས་ཚད་རིམ་སྤོར། ཁྱད་ཆོས་མངོན་གསལ་དོད་པ”བཅས་བྱས་པས་མང་ཚོགས་བློ་ཡིད་ཚིམ་ཚད་98%ཟིན་ཡོད།

    ལོ་ལྔའི་ནང་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཐབས་བཟང་ནས་མཚན་མོར་སྒོ་བསྟེན་སྨན་ཁང་གི་དམངས་བདེའི་བྱེད་ཐབས་བར་དང་། སྨན་བཅོས་སྐོར་སྐྱོད་རླངས་འཁོར་རི་ལམ་དུ་བསྐྱོད་པ་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཐོན་ཁུངས་མཉམ་སྤྱོད་བར་ནག་ཆུ་གྲོང་ཁྱེར་གྱིས་བྱང་ཐང་ཡོངས་སུ་ཁྱབ་པའི་བདེ་ཐང་འགན་སྲུང་དྲ་བ་བསྐྲུན་ཏེ་ས་མཐོའི་མང་ཚོགས་ཀྱི་སྨན་བཅོས་ཐད་ཀྱི་ཐོབ་སྣང་དང་རྒན་གསོའི་སྐྱིད་སྣང་རྒྱུན་མཐུད་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།