འཐུས་མི་ཉི་ཏིས་གསུངས་དོན།
རྒྱལ་ཁབ་དང་མཉམ་དུ་མདུན་སྐྱོད་བྱས་སྟབས་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག
ལོ་28རིང་གྲུ་གཟིངས་ཁྱིམ་དུ་འཛིན་པ་དང་རྒྱ་མཚོ་གྲོགས་སུ་བརྟེན་ནས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་ཀྲུང་གོའི་ཡོན་དབྱང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་མཐོ་རིམ་གྲུ་དཔོན་འཐུས་མི་ཉི་ཏིའི་འགྲུལ་གྱིས་ཤུལ་ཁྱབ་པ་རིམ་རྩིས་བརྒྱབ་ན་མཚོ་ཐོག་གི་ལམ་ཐག་རིང་ཚད་དེས་སའི་གོ་ལར་སྐོར་བ་30ལྷག་ཙམ་འཁོར་གྱི་ཡོད། “འཐུས་མིའི་བགྲོད་ལམ”ཐོག་ཁོང་གིས་དངོས་སུ་བརྒྱུད་མྱོང་མཁན་དང་བདེན་དཔང་བ་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་མྱོང་ཚོར་ཏན་ཏིག་ཐུབ་ཀྱི་འདུག་ལ་རང་རྒྱལ་གྱི་གྲུ་གཟིངས་ཀྱི་ཏུན་ཚད་ཚད་བཀག་ཡོད་པ་ནས་གོ་ལ་ཧྲིལ་པོའི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་རུ་ཁག་ཆེ་ཤོས་ཡོད་པའི་བར་གྱི་འཕུར་མཆོང་རྣམ་པར་བདེན་དཔང་ཐུབ་བྱུང་ཞེས་གསུངས་པ་རེད།
ཉི་ཏིས་རང་རྒྱལ་གྱི་དངོས་ཟོག་ནང་འདྲེན་ཕྱིར་གཏོང་བྱེད་ཁྱོན་95%ཙམ་ནི་མཚོ་ཐོག་སྐྱེལ་འདྲེན་བྱས་པ་ཞིག་ཡིན་པ་དང་ཀྲུང་གོས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་རུ་ཁག་དང་གོ་ལ་ཧྲིལ་པོའི་འཛམ་གླིང་རིམ་པའི་གྲུ་ཁའི་ཁྱུ་ཚོགས་ཆེ་ཤོས་བསྐྲུན་ནས་རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་བྱེད་འབོར་གྱིས་གོ་ལ་ཧྲིལ་པོའི་1/3ཙམ་བཟུང་བ་དང་ཧྲང་ཧའེ་གྲུ་ཁར་དོས་སྒམ་འདོན་འཇུག་བྱེད་འབོར་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་ཅེས་གསུངས་པ་རེད།
ཉི་ཏིས“ང་ཚོས་དོན་གཉེར་བྱེད་པ་ནི་མཚོ་ཐོག་སྐྱེལ་འདྲེན་གྱི་རྒྱལ་ཁབ་ཆེན་པོའི་ཚད་གཞི་ཙམ་མིན་པར་དེ་བས་མཚོ་ཐོག་སྐྱེལ་འདྲེན་རྒྱལ་ཁབ་སྟོབས་ཆེན་གྱི་སྤུས་ཚད་ཡིན་པས་མཚོ་ཐོག་རྒྱང་སྐྱོད་པར་ལ་རྒྱ་ཡོད་པ་དང་མཚོ་ཐོག་སྐྱེལ་འདྲེན་བྱ་གཞག་ལ་རེ་སྒུག་བྱེད་ས་ཡོད་པར་བྱེད་དགོས”ཞེས་གསུངས་པ་དང་། ཁོང་གིས་གྲུ་པའི་ཁེ་དབང་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤུས་ཚད་མཐོ་བའི་གྲུ་པའི་དཔུང་ཁག་འཛུགས་རྒྱུར་རམ་འདེགས་གནང་གི་ཡོད་པ་རེད།
ཉི་ཏིས། “ང་ཚོས་གྲུ་པའི་ཁེ་དབང་འགན་སྲུང་ལྟེ་གནས་འཛུགས་པར་སྐུལ་འདེད་བཏང་སྟེ་གྲུ་པའི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཡོད། ཀྲུང་གོའི་གྲུ་གཟིངས་ཆེན་པོ་མཐའ་ཡས་རྒྱ་མཚོར་བཏང་ནས་རྒྱལ་ཁབ་དང་མཉམ་དུ་མདུན་སྐྱོད་བྱེད་པ་མཐོང་སྐབས་གཟི་བརྗིད་ཆེན་པོ་ཚོར་གྱི་འདུག”ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།