འཐུས་མི་ཀྲོའུ་ཆི་ཡིས་གསུངས་དོན།
ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ན་ནིང་ཟླ་10པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བའི་སྐབས་སུ། ཟླ་10ཚེས་25ཉིན་ནི“ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བའི་དྲན་གསོའི་ཉིན་མོར”གཏན་འཁེལ་བྱེད་པར་གྲོས་འཆམ་བྱུང་ཞིང་། ལེའོ་ཉིང་ཞིང་ཆེན་གྱི་སྤུན་ཟླ་ཐའེ་དབན་བའི་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི་ཀྲོའུ་ཆི་ཡིས། དེ་ནི་ལོ་རྒྱུས་ལ་བརྗིད་ཆེའི་དྲན་གསོ་བྱས་པ་ཞིག་ཡིན་ལ། ངོགས་གཉིས་ཀྲུང་གོ་གཅིག་ལ་གཏོགས་པའི་ལོ་རྒྱུས་དང་ཁྲིམས་གཞིའི་དོན་དངོས་ཀྱང་སླར་ཡང་མངོན་ཡོད་ཅེས་གསུངས་པ་རེད།
མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ཁྲོད་སྤུན་ཟླ་ཐའེ་དབན་བ་ཐོག་མཐའ་བར་གསུམ་དུ་ཞུགས་ཡོད། “ལོ་རྒྱུས་ལས་ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་བ་ནི་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་ཤིག་ཡིན་ལ། སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་སྔོན་སྐྱོད་རྗེས་མཐུད་དང་ཁྲག་བཏོན་དམར་འཛིང་བྱས་ཏེ་ཐོབ་པ་ཞིག་ཡིན་པ་གསལ་པོར་མངོན་ཡོད། ལོ་རྒྱུས་ཀྱི་དུམ་བུ་འདི་ལ་འཁྱོག་བཤད་དང་ངོགས་གཉིས་ཀྱི་འབྲེལ་བ་ཁ་ཕྲལ་གཏོང་འདོད་བྱེད་མཁན་གྱི‘ཐའེ་དབན་རང་བཙན’གྱི་ལོ་རྒྱུས་ལྟ་བ་གང་ཞིག་ཡིན་རུང་ཚང་མ་ལོ་རྒྱུས་ལ་རྒྱབ་གཏོད་བྱས་པ་དང་སྔོན་གཤེགས་དཔའ་བོར་ཁྱད་གསོད་བྱས་པ་ཞིག་རེད”ཅེས་ཁོང་གིས་གསུངས་པ་རེད།
འབྱུང་འགྱུར་ལ་ཕྱོགས་སྐབས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་རི་འགོག་བྱས་ནས་གྲུབ་པའི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། “ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཐའེ་དབན་རང་བཙན་གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་ཀྲོའུ་ཆི་ཡིས་གསུངས་པ་དང་། ཁོང་གིས། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། མི་རིགས་ཀྱི་བདེན་དོན་མཉམ་དུ་འཁུར་བ། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱས་ཚེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་ཐུབ་ངེས་རེད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།