ཞི་ཅིན་ཕིང་གིས་ཧྥ་རན་སེའི་རྒྱལ་སྤྱིའི་སློབ་གྲྭའི་རྒྱ་ཡིག་འཛིན་གྲྭའི་དགེ་སློབ་ལ་འཕྲིན་ལན་སྤྲིངས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཕུའུ་ལུའོ་ཝང་སི་—ཨར་པེ་སི་—མཚོ་འགྲམ་སྔོན་པོའི་ཁུལ་ཆེན་པོའི་རྒྱལ་སྤྱིའི་སློབ་གྲྭའི་རྒྱ་ཡིག་འཛིན་གྲྭའི་དགེ་སློབ་ཚོར་འཕྲིན་ལན་སྤྲིངས་ཏེ། ཁོང་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལ་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་ངོ་5000གི་ཤེས་དཔལ་གྱི་ནང་དོན་ལྡན་པའི་ཀྲུང་ཧྭའི་ཡི་གེར་ལོ་རྒྱུས་ཀྱི་བློ་གྲོས་ཆེན་པོ་འདུས་ཡོད། རྒྱ་ཡིག་སློབ་སྦྱོང་བྱས་ཚེ་གནའ་ཉམས་ལྡན་པའི་དེང་རབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་དབར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་འབྲེལ་ཟམ་སྐྲུན་པར་ཡང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཁྱེད་ཚོ་དང་ཧྥ་རན་སེ་དང་ཡོ་རོབ་ཀྱི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་། འཚམས་འདྲི། ཡུལ་སྐོར་བཅས་བྱེད་པར་ཡོང་ནས་རང་ཉིད་ཀྱིས་དངོས་སུ་དོན་དངོས་དང་སྒོ་དབྱེ་ཡར་ཐོན་གྱི་ཀྲུང་གོར་ཤེས་རྟོགས་བྱས་ཏེ། རྒྱ་ཡིག་འདི་ཉིད་ཁྱེད་ཚོའི་མི་ཚེའི་འཚར་ལོངས་ལ་ཕན་ཐོགས་པའི་གྲོགས་སུ་འགྱུར་བར་དགའ་བསུ་ཞུ་གི་ཡིན་ཞེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོའི་ལུགས་རྙིང་ལོའི་རྟ་ལོར་འཁེལ་ཡོད། རྟ་ནི་སྙིང་རུས་དང་། དཔའ་སྟོབས། ཡར་རྒྱས་བརྩོན་ལེན་བཅས་ཀྱི་མཚོན་བྱེད་ཡིན། སློབ་གྲོགས་ཚོས་ཀྱང་གདོང་ལེན་སྣེ་ཁྲིད་ཀྱིས་ཀྲུང་གོ་དང་ཧྥ་རན་སེའི་དབར་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཉིན་ཤས་གོང་། ཧྥ་རན་སེའི་ཕུའུ་ལུའོ་ཝང་སི—ཨར་པེ་སི—མཚོ་འགྲམ་སྔོན་པོའི་ཁུལ་ཆེན་པོའི་རྒྱལ་སྤྱིའི་སློབ་གྲྭའི་རྒྱ་ཡིག་འཛིན་གྲྭའི་དགེ་སློབ་ཀྱི་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བཏང་བའི་ནང་། རྒྱ་ཡིག་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་ཞེན་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སེའི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཧྥ་རན་སེའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་འདོད་པའི་བསམ་འདུན་གང་ལེགས་མཚོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།