དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་ཆེན་གཏོད། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་བྱེད།

    ——རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-14

    དོན་ཆེན་གླེང་། བློ་གྲོས་བསྡུས། ལེའུ་གསར་བརྩམས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ་3ཚེས་12ཉིན་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། ཐེངས་འདིའི་ཚོགས་ཆེན་ཐོག་དམངས་གཙོ་དར་སྤེལ་གང་ལེགས་བཏང་ནས་ཁྲིམས་ལྟར་བྱ་བ་ནན་གྱིས་བསྒྲུབས་ཤིང་། ཚོགས་ཞུགས་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། འབད་འབུངས་མདུན་སྐྱོད་བཅས་ཀྱི་དུས་རབས་ཀྱི་རོལ་དབྱངས་དཀྲོལ་ཡོད། ཚོགས་ཆེན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། དམིགས་ཚད་དང་ལས་འགན་ཁ་གསལ་བཟོས་པ་དང་གདེང་ཚོད་དང་སྟོབས་ཤུགས་བརྒྱུད་སྤྲོད་བྱས་ཡོད། ང་ཚོས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

    ད་ཐེངས་ཀྱི་ཚོགས་ཆེན་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། འཐུས་མི་ཚོས་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ལས་བྱུང་བའི་ངོས་འཛིན་མགྲིན་གཅིག་ཏུ་གནང་ཡོད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གལ་ཆེན་གཞན་དག་ལ་གྲོས་ཞིབ་བྱས་པ་དང་འབྲེལ་ཆོག་མཆན་ཡང་སྤྲད་ཅིང་། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནས་ཏང་ཀྲུང་དབྱང་གི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་སྐོར་གྱི་བཀོད་སྒྲིག་གང་ལེགས་མཚོན་པ་དང་། གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ། ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་ཚད་དང་ལས་འགན་བཀོད་སྒྲིག་ལུགས་མཐུན་བྱས་ཡོད་པ་དེ་ནི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། དངོས་སྒྲུབ་ཡར་བརྩོན། མཐུན་སྒྲིལ་ཡར་སྐུལ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད། ཚོགས་ཆེན་ལ་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། འདས་ཟིན་པའི་ལོ་གཅིག་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་གཙང་མར་བསྒྲུབས་པ་བརྒྱུད། ཕྱོགས་གང་ཅིའི་ལས་དོན་ལ་འཕེལ་རིམ་དང་གྲུབ་འབྲས་གསར་པ་ཐོབ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་གཏོད་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་བར་ཁས་ལེན་གང་ལེགས་བྱས་ཡོད།

    ད་ཐེངས་ཀྱི་ཚོགས་འདུའི་གྲུབ་འབྲས་གལ་ཆེན་ཞིག་སྟེ། ཚོཌ་ཆེན་གྱིས་ཞིབ་བཤེར་ཆོག་མཆན་སྤྲད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་རྩ་གནད་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱབ་པ་དང་། ཏང་ཀྲུང་དབྱང་གིས་བཀོད་པའི་བརྗིད་ཆེའི་འཆར་གཞི་དེ་དངོས་གཉེར་སྤྱོད་འཐུས་ཀྱི་འཆར་འགོད་ལ་བསྒྱུར་ཞིང་། དེ་ལས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་ཐུན་མོང་གི་བསམ་འདུན་གཅིག་སྡུད་མཚོན་ལ། ཏང་གི་བཞེད་དོན་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་ཡིན་པ་མཚོན་པས། དེ་ནི་དོན་དངོས་དང་མཐུན་པ་དང་། རེ་སྒུག་དང་མཐུན་པ། འབྱུང་འགྱུར་ལ་སྣེ་ཁྲིད་ཐུབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཆར་འགོད་རྩ་གནད་ཅིག་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་འདིང་བ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་འགག་རྩའི་དུས་སྐབས་ཡིན་པ་དེར་འཛིན་སྐྱོང་སྤེལ་གསུམ་གྱི་གནས་བབ་གལ་ཆེན་ལྡན་ཡོད། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའམ་འགྲན་སློང་མཉམ་དུ་གནས་པ་དང་ངེས་གཏན་མེད་ལ་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འབད་འཐབ་དམིགས་ཚད་ལ་དམིགས་པ་དང་འཆར་འགོད་དང་ལག་བསྟར་ཟུང་འབྲེལ་ཡག་པོ་བྱས་ཏེ། དགེ་མཚན་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། འཇུར་མིག་གི་ཚོད་འཛིན་སེལ་བ། ཞན་ཆ་སེལ་ཤུགས་ཆེ་རུ་གཏོང་བ། བརྟན་ལྷིང་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་མེད་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་གལ་ཆེན་ཡོང་བ་བཅས་བྱས་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་དེ་བས་བརྟན་པོ་འདིང་ཐུབ་ངེས་རེད།

    ཕྱིར་མིག་ལྟ་སྐབས། དབུལ་ཞིང་ཞན་པའི་ཞིང་ལས་རྒྱལ་ཁབ་ནས་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པའི་བར་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་སྐྱོད་པའི་འགོ་ཡག་པོ་ཞིག་བཙུགས་པའི་བར་ལ། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འདས་སོང་གི་ལོ་ཟླའི་ནང་འོད་སྟོང་འབར་བའི་གྲུབ་འབྲས་བཏོད་ཡོད་ལ། ད་དུང་དངོས་སྒྲུབ་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་ལག་ལེན་བསྟར་བ་དང་། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས། རང་རྟོགས་ངང་མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་ཐོན་པ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་དགོས་ལ་འགན་འཁྲི་ལྕི་པོའང་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོའི་ཐོག་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་གི་འདུ་ཤེས། མང་ཚོགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་གང་ལེགས་འདོན་པ། རྒྱུན་ཆད་མེད་པར་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་དང་འབྲེལ་འདྲིས་དང་། དམངས་ཚུལ་ཤེས་རྟོགས། དམངས་བློ་གཅིག་སྡུད། དམངས་འཚོར་ཕན་འདོགས་བཅས་དེ་བས་ཡག་པོ་བྱེད་པ། དམངས་ཀྱི་རེ་འབོད་ལ་བརྡ་ལན་ཧུར་ཐག་ཞུ་བ་བཅས་བྱས་ཚེ། ལས་སྒྲུབ་ལས་གཏོད་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ་ངེས་རེད།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་པ། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་གཏོད་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་གང་ཐུབ་བྱས་ནས་བརྗིད་ཆེའི་ཕུགས་འདུན་མཛེས་སྡུག་ལྡན་པའི་དོན་དངོས་སུ་ཏན་ཏིག་སྒྱུར་དགོས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།