དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ།

    ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་བ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་དང་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-14

    ཟླ་3ཚེས་12ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་3ཚེས་12ཉིན། བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ་དང་། བཅའ་ཁྲིམས་ལེགས་བཅོས་ལས་དོན་སྤེལ་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་གནང་བ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་ཚོཌ་གཙོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཡན་ཅིན་ཧའེ་དང་། བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཀརྨ་ཚེ་བརྟན་སོགས་ཞུགས་པ་རེད།

    གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད། ཁོང་གིས་ཚོགས་འདུའི་རིང་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ལས་ཀའི་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཚོགས་ཆེན་གྱི་སྙན་སྒྲོན་དང་འཆར་ཟིན་ཁག་གསན་པ་དང་། གྲོས་བསྡུར། གྲོས་ཞིབ་བཅས་ནན་ཏན་གནང་བ་དང་། བློ་བསྡུས་དགེ་འཚོལ་དང་ཐབས་འདོན་ཇུས་འབུལ་གནང་ནས་དགེ་མཚན་ལྡན་པའི་བསམ་འཆར་མང་པོ་བཏོན་པ་དང་སྤུས་ཚད་མཐོ་བའི་གྲོས་འགོ་མང་པོ་ཕུལ་ཐོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འདོད་བློ་དང་བསམ་འདུན་མཚོན་པ་དང་བོད་ཀྱི་འཐུས་མི་ཚོགས་པའི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བཅས་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། འཐུས་མི་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་དེ་བས་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་གོ་བ་ལེན་ཐུབ་ཡོད་པས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུའི་སྣེ་ཁྲིད་ནས་དམ་འཛིན་ཡག་པོ་བྱེད་པ་དང་། རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དང་མང་ཚོགས་ལ་ཁྱབ་བསྒྲགས་དང་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་ཐོག ཁོར་ཡུག་ཟབ་མོ་གཏོད་པ་དང་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།