དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

    (2026ལོའི་ཟླ་3ཚེས་11ཉིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-13

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་གྲོས་གཞི་ཧུར་ཐག་ཕུལ་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་ཐབས་ཇུས་དང་ནུས་ཤུགས་བཏོན་ཡོད།

    ཟླ་3ཚེས་5ཉིན་གྱི་ཆུ་ཚོད་20བར། ཁྱོན་གྲོས་གཞི་ཁག་5865འབྱོར་ཞིང་། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》གཞིར་བཟུང་། ཞིབ་བཤེར་བྱས་པ་བརྒྱུད། གྲོས་གཞི་ཁག་5005ཐོ་འགོད་བྱས་པ་དང་། གྲོས་གཞི་ཁག་451ཟླ་སྒྲིལ་བཏང་བ། གྲོས་གཞི་ཁག་409བསམ་འཆར་དང་གྲོས་འགོར་བསྒྱུར་ཡོད།

    ཐོ་འགོད་བྱས་པའི་གྲོས་གཞིའི་ནང་། ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ཁག་4502ཡོད་པ་དེས་89.9%ཟིན་པ་དང་། མཉམ་སྡེབ་ཀྱིས་བཏོན་པའི་གྲོས་གཞི་ཁག་503ཡོད་པ་དེས་10.1%ཟིན་ཡོད། དེའི་ནང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཁག་2103ཡོད་པ་དེས་42.0%ཟིན་པ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་ཁག་453ཡོད་པ་དེས་9.1%ཟིན་པ། རིག་གནས་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་ཁག་528ཡོད་པ་དེས་10.6%ཟིན་པ། སྤྱི་ཚོགས་འཛུགས་སྐྲུན་ཐད་ཀྱི་གྲོས་གཞི་ཁག་1334ཡོད་པ་དེས་26.6%ཟིན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཀྱི་གྲོས་གཞི་ཁག་587ཡོད་པ་དེས་11.7%ཟིན་ཡོད།

    ཐེངས་འདིའི་ཚོགས་འདུའི་གྲོས་གཞིར་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཡོད་དེ། གཅིག་ནི་ནང་དོན་དེ་བས་གཅིག་སྡུད་ཆེ་ཞིང་། ཨུ་ཡོན་ཚོས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལག་བསྟར་ལ་དམ་པོར་དམིགས་ནས། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་དང་། ཡང་དག་གནད་འཕིགས་ཀྱི་ལྟ་ཚུལ་བཏོན་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་དང་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་ཡོད། གཉིས་ནི་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། ཨུ་ཡོན་ཚོས་གྲོས་གཞི་མང་པོ་མེད་ཀྱང་སྤུས་ཚད་ཡག་པོ་ཡོད་དགོས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་འགོ་གནད་ལ་སྨིན་པ་བཏོན་པས། གྲོས་གཞིའི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། གསུམ་ནི་དམངས་འཚོའི་རང་མདངས་དེ་བས་གསལ་ཞིང་། ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་གྲོས་གཞི་བཏོན་པ་དང་། མི་དམངས་ཀྱི་དོ་སྣང་བྱེད་ས་དེ་དངོས་སྒྲུབ་ཀྱི་གྲོས་འཆར་ལ་འགྱུར་བ་བྱས་ནས་དམངས་ཆེད་ལས་དོན་སྒྲུབ་པའི་བརྩེ་བ་ཟབ་མོ་མངོན་པར་བྱས་ཡོད། བཞི་ནི་རིགས་ཁོངས་ཀྱི་ལེགས་ཆ་མངོན་གསལ་དོད་ཅིང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་དང་རིགས་ཁོངས་ཁག ཨུ་ཡོན་ཚོགས་ཆུང་བཅས་ཀྱིས་རིགས་ཁོངས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་པར་མཐོང་ཆེན་བྱས་ཏེ། གྲོས་མོལ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག མཉམ་སྡེབ་ཀྱི་གྲོས་གཞི་བཏོན་ཏེ་རིགས་ཁོངས་ཁག་གི་བློ་གྲོས་གཅིག་སྡུད་རྒྱ་ཁྱབ་ཏུ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་པར་བྱས་ཡོད།

    ཚོགས་ཆེན་གྲོལ་རྗེས། གྲོས་གཞི་ཁག་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱེད་པར་འབུལ་རྒྱུ་རེད། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཟིན་རྗེས་འབྱོར་བའི་གྲོས་གཞི་ཁག་རྒྱུན་གཏན་གྱི་གྲོས་གཞིར་བརྩིས་ཏེ་དུས་ཐོག་ཏུ་ཞིབ་བཤེར་དང་ཐག་གཅོད་བྱ་རྒྱུ་རེད།

    གོང་གསལ་སྙན་སྒྲོན་ལ་གྲོས་ཞིབ་གནང་རོགས།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།